ཁམ་ཕུ་ཁྲེའི་ཨ་མྲ་ཀྲུང་གོའི་ཁྲོམ་རར་ནང་འདྲེན་བྱས་པས་ཀྲུང་གོའི་ཁེ་ལས་ཁམ་ཕུ་ཁྲེར་མ་འཇོག་བྱེད་པའི་ཡིད་དབང་བཀུག་པ།
ཤིང་འབྲས་ཆུང་ངུས་མཉམ་ལས་ཆེན་པོ་བྱས་པ།

འདི་ནི་ཁམ་ཕུ་ཁྲེའི་པང་ཧྲི་པེ་ཞིང་ཆེན་གྱི་མཉམ་སྡེབ་ཉོ་སྒྲུབ་ས་ཚིགས་སུ་ཤིང་འབྲས་འདེབས་མཁན་ཞིང་པས་ཨ་མྲ་འདོན་བཞིན་པ།
ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲེམས་སྟོན་ཁམ་ཕུ་ཁྲེའི་རྒྱལ་ཁབ་འགྲེམས་ཁང་དུ་བསྐྱོད་སྐབས། འབྲས་བུ་ཆེ་ལ་སོས་པ་དང་སྐམ་པོའི་ཨ་མྲའི་དྲི་ཞིམ་གང་སར་འཐུལ་ནས་ལྟ་སྐོར་བའི་ཡིད་དབང་བཀུག་སྟེ་བྲོ་བ་མྱོང་བཞིན་མཆིས།
ནང་འདྲེན་འགྲེམས་ཚོགས་སྐབས་དང་པོ་ནས་བཟུང་ཁམ་ཕུ་ཁྲེའི་ཨ་མྲ་སྐམ་པོ་འགྲེམས་ཚོགས་སུ་བསྟུད་མར་སྟོན་ནས་ཁམ་ཕུ་ཁྲེའི་རྒྱལ་ཁབ་འགྲེམས་ཁང་གི“ཐོན་རྫས་གྲགས་ཅན”དུ་གྱུར་ཡོད། 2021ལོའི་ནང་འདྲེན་འགྲེམས་ཚོགས་སྐབས་བཞི་པའི་ཐོག་ཁམ་ཕུ་ཁྲེའི“ཀའོ་ལེ་སྨི”ཨ་མྲ་སོས་པ་ཐོག་མར་འགྲེམས་ཚོགས་སུ་བཏོན་པར་ཉོ་མཁན་མངགས་ཐོ་འབོར་ཆེན་བྱུང་ཡོད། ཁམ་ཕུ་ཁྲེའི་ཨ་མྲར་ཀྲུང་གོའི་ཁྲོམ་ར་དང་འཛད་སྤྱོད་པའི་དགའ་བསུ་ཐོབ་པ་མ་ཟད། ཀྲུང་གོའི་ཁེ་ལས་ཁམ་ཕུ་ཁྲེར་མ་འཇོག་བྱས་ནས་བཟོ་གྲྭ་འཛུགས་པའི་ཡིད་དབང་བཀུག་སྟེ་ས་གནས་དེ་གའི་ལས་སྣོན་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་ཀྱང་བཏང་ཡོད། དེ་ཡང་ནང་འདྲེན་འགྲེམས་ཚོགས་ཐོག“འགྲེམས་རྫས”དེ་བས་མང་བ“ཚོང་ཟོག”ཏུ་གྱུར་པ་དང“མཉམ་ལས་ཚོང་པ”དེ་བས་མང་བ“མ་འཇོག་ཚོང་པར”གྱུར་པའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད།
“ཤིང་འབྲས་ཨ་མྲ”ཕྱིར་གཏོང་ལ་བྲིན་ཁ་རྒྱུག་པ།
ཁམ་ཕུ་ཁྲེའི་རྒྱལ་ས་ཕ་ནོམ་ཕེན་ནས་རླངས་འཁོར་བཏང་སྟེ་ནུབ་ཕྱོགས་སུ་ཆུ་ཚོད་3ཙམ་བསྐྱོད་རྗེས། གསར་འགོད་པ་པང་ཧྲི་པི་ཞིང་ཆེན་སང་མུའུ་ཅི་གྲོང་ཚོའི་ཨ་མྲ་འདེབས་འཛུགས་ར་བར་འབྱོར། ཨ་མྲ་ཡོངས་སུ་སྨིན་ནས་་ཡལ་གའི་སྟེང་དུ་མགོ་ལྕོག་ལྡེམ་ལྡེམ་བྱེད་པ་དང་། ཤིང་ཏོག་འདེབས་མཁན་ཞིང་པ་མེང་རུའེ་ཏེས་འབྲས་བུ་བསྡུ་བཞིན་འདུག ཁོང་གིས། “ཟླ་བ་10པ་ནས་བཟུང‘ཀའོ་ལེ་སྨི’ཨ་མྲ་ལོ་སྨད་ཀྱི་འཐུ་བསྡུའི་དུས་ཚིགས་སུ་སླེབས་པས། ང་ཚོས་དུས་ཚོད་དམ་འཛིན་བྱས་ནས་བསྡུས་ཏེ་དབྱེ་བ་འབྱེད་ཀྱི་ཡོད། མི་རིང་བར་ཨ་མྲ་སོས་པ་འདི་དག་དང་དེ་བཞིན་ཨ་མྲ་སྐམ་པོའི་ཐོན་རྫས་ཀྲུང་གོའི་འཛད་སྤྱོད་པའི་ལག་ཏུ་འབྱོར་གྱི་རེད”ཅེས་བཤད།
“ཀའོ་ལེ་སྨི”ནི་ཁམ་ཕུ་ཁྲེའི་ཁྱད་ལྡན་ཨ་མྲའི་རིགས་ཤིག་རེད། ནང་འདྲེན་འགྲེམས་ཚོགས་ཀྱིས་ཁམ་ཕུ་ཁྲེའི་ཨ་མྲ་ཀྲུང་གོའི་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད། ཁམ་ཕུ་ཁྲེའི་ཚོང་དོན་པུའུ་འགྲེམས་སྟོན་ཅུས་ཀྱི་འགན་འཁུར་བ་ཁཱ་ཐེ་ཕུའུ་དབྱིས། “ཀའོ་ལེ་སྨི”སོགས་མ་བཅོས་རྒྱུ་ཆར་བྱས་ནས་བཟོས་པའི་ཨ་མྲ་སྐམ་པོ་ནི་ཁམ་ཕུ་ཁྲེའི་རྒྱལ་ཁབ་འགྲེམས་ཁང་གི་མཚོན་བྱེད་རང་བཞིན་གྱི་འགྲེམས་སྟོན་དངོས་པོ་ཡིན་པ་དང་། ལྷག་པར་དུ་ཁམ་ཕུ་ཁྲེའི་ཨ་མྲ་ཀྲུང་གོར་ཕྱིར་གཏོང་བྱེད་ཆོག་པའི་ཆོག་མཆན་ཐོབ་རྗེས། མངགས་ཐོ་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད། ཀྲུང་གོའི་ཁྲོམ་རར་ཁམ་ཕུ་ཁྲེའི་ཨ་མྲ་བྲིན་ཁ་རྒྱུག་པོ་ཡོད་པར་བརྟེན་ཀྲུང་གོའི་ཁེ་ལས་མི་ཉུང་བ་ཞིག་ཁམ་ཕུ་ཁྲེར་མ་འཇོག་བྱས་ནས་བཟོ་གྲྭ་འཛུགས་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
མ་འཇོག་མཉམ་ལས་ཀྱིས་རེ་བའི་འབྲས་བཟང་སྨིན།
ཀྲུང་པའོ(ཁམ་ཕུ་ཁྲེ)བཟའ་བཅའ་ཚན་རྩལ་ཚད་ཡོད་ཀུང་སིས་མ་འཇོག་བྱས་ནས་འཛུགས་སྐྲུན་བྱས་པའི་ཨ་མྲའི་ལས་སྣོན་ཞིབ་ཚགས་འཁོར་ཁང་དུ་བསྐྱོད་སྐབས་དེང་རབས་ཅན་གྱི་ཐོན་སྐྱེད་བྱེད་སྟངས་མགྱོགས་མྱུར་ལག་བསྟར་བྱེད་བཞིན་ཡོད་ཅིང་། “ཀའོ་ལེ་སྨི”ཨ་མྲ་སོས་པ་སི་ར་རེ་རེ་བཞིན་གཙང་འཁྲུའི་འཁོར་ཁང་དུ་དབོར་ཏེ་གཙང་འཁྲུད་ཐེངས་མང་བྱས་རྗེས་པགས་པ་བཤུ་བ་དང་གྲིབ་སྐམ་གཏོང་གི་ཡོད་པ་རེད།
ཀུང་པུའུ་ཞིང་ཆེན་གྱི་སོ་ཝན་ནི་འཁོར་ཁང་ནང་ཀུན་གྱིས་ཁས་ལེན་པའི“པགས་བཤུ་མཁས་པ”ཞིག་རེད། ཁོང་གིས་ལག་ཏུ་གྲི་ཆུང་ཐོགས་ནས་བསྐོར་བ་ཙམ་གྱིས་ཤིང་འབྲས་ཨ་མྲའི་པགས་པ་སྟབས་བདེ་པོ་ཞིག་བཤུ་གི་འདུག ཁོང་གི་བཟའ་ཟླས་བྱང་ཆུབ་པའི་སྒོ་ནས་ཤིང་འབྲས་གཏུབ་སྟེ་གྲིབ་སྐམ་གཏོང་བ་སོགས་བྱས་རྗེས་ཞིམ་མངར་ལྡན་པའི་ཨ་མྲ་སྐམ་པོ་ཆགས་ཀྱི་ཡོད། ཐུམ་སྒྲིལ་བརྒྱབ་ནས་སྒམ་ནང་བླུགས་རྗེས་ཉིན་བཅུ་ཙམ་ཡང་མ་འགོར་བར་ཀྲུང་གོའི་ཁྲོམ་རར་འབྱོར་གྱི་ཡོད།
གྲངས་གཞི་ལས་མངོན་པར། 2025ལོའི་ལོ་སྟོད་དུ་ཁམ་ཕུ་ཁྲེའི་ཨ་མྲ་སྐམ་པོ་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་19.3%འཕར་ཡོད། “ཀྲུང་གོའི་ཁེ་ལས་ཀྱི་སྔོན་ཐོན་ལག་རྩལ་དང་དོ་དམ་ཉམས་མྱོང་གི་བཀའ་དྲིན་ལས་ང་ཚོའི་ཨ་མྲ་སྐམ་པོའི་སྤུས་ཚད་རྒྱུན་མཐུད་ལེགས་སུ་སོང་བ་དང་། ཐུམ་སྒྲིལ་མཛེས་པ། ཚོང་ལམ་ཡང་ཟམ་མི་ཆད་པར་རྒྱ་ཆེ་རུ་ཕྱིན་ཡོད། ཀྲུང་གོའི་ཁྲོམ་རའི་དགོས་མཁོ་ཆེན་པོ་ནི་འཕར་སྣོན་ཡོང་བའི་ལྟེ་བའི་སྒུལ་ཤུགས་རེད། ནང་འདྲེན་འགྲེམས་ཚོགས་ཀྱིས་གཉིས་ཕན་གྱི་འབྲེལ་ཟམ་བརྟན་པོ་བཙུགས་ཏེ་ཤིང་འབྲས་སྐམ་པོ་དེ་དག་ཀྱང་མཉམ་ལས་ཆེན་པོ་བྱེད་ཐུབ་ཡོད”ཅེས་ཁཱ་ཐེ་ཕུའུ་དབྱི་ཡིས་བརྗོད།
ཞིང་ལས་ཐོན་རྫས་མང་པོའི་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་པ།
ཁམ་ཕུ་ཁྲེའི་ཨ་མྲ་སྐམ་པོའི་ནང་འདྲེན་འགྲེམས་ཚོགས་ཀྱི་གཏམ་རྒྱུད་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེས་ཟམ་མི་ཆད་པར་མཉམ་ལས་ཟབ་ཏུ་བཏང་བ་དང་གོ་སྐབས་མཉམ་སྤྱོད་བྱས་པའི་མཚོན་ཚུལ་ཞིག་རེད།
“ཀའོ་ལེ་སྨི”ཨ་མྲ་སྐམ་པོ་དང་། ཀུང་པོའི་གཡེར་མ། མོང་ཏུའོ་ཅི་ལིའི་སྦྲང་རྩི་སོགས་ནང་འདྲེན་འགྲེམས་ཚོགས་ཀྱི་ལས་སྟེགས་ཀྱི་ཁམ་ཕུ་ཁྲེའི་འགྲེམས་རྫས་གསལ་ཐོ་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ཁམ་ཕུ་ཁྲེའི་སྤུས་ལེགས་ཞིང་ལས་ཐོན་རྫས་མང་པོ་ནང་འདྲེན་འགྲེམས་ཚོགས་ཀྱི་ལས་སྟེགས་བརྒྱུད་ཀྲུང་གོའི་ཁྲོམ་རར་འབྱོར་གྱི་ཡོད། ཁམ་ཕུ་ཁྲེ་ཚོང་ལས་པུའི་རྒྱལ་དོན་དྲུང་ཡིག་པིན་སུའོ་ཝེ་ཅི་ཡིས། ནང་འདྲེན་འགྲེམས་ཚོགས་ཀྱིས་ཁམ་ཕུ་ཁྲེའི་ཐོན་རྫས་ལ་ཐུན་མོང་མིན་པའི་འགྲེམས་སྟེགས་མཁོ་འདོན་བྱས་ཏེ། ཀྲུང་གོ་དང་ཐ་ན་གོ་ལ་ཧྲིལ་པོའི་འཛད་སྤྱོད་པ་དང་འགྲེམས་ཞུགས་ཚོང་པར་ཁམ་ཕུ་ཁྲེའི་སྤུས་ལེགས་ཐོན་རྫས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་ཡོད་ཅེས་བརྗོད་པ་རེད།
《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》དང་ཀྲུང་ཁམ་རང་མོས་ཚོང་དོན་གྲོས་ཆོད་ལག་བསྟར་ནུས་ལྡན་བྱས་ཤིང་། ཉེ་བའི་ལོ་ཤས་རིང་། ཀྲུང་ཁམ་འགག་སྒྲོལ་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་མཐུད་ཆེ་རུ་སོང་བ་དང་། ཕྱོགས་གཉིས་པོའི་ཞིང་ལས་ཐོན་རྫས་ཀྱི་ཚོང་དོན་གཞི་ཁྱོན་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་ཡོད། ཁམ་ཕུ་ཁྲེ་ཚོང་ལས་པུའུ་ཡིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2025ལོའི་ཟླ་བ་དང་པོ་ནས་ཟླ་བ་བདུན་པའི་རིང་། རྒྱལ་ཁབ་དེ་གའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་24ལས་བརྒལ་བ་དང་། དུས་མཚུངས་ལས་7.5%འཕར་ནས་ཀྲུང་གོ་ནི་ཕྱིར་གཏོང་གྲོང་ཁྱེར་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་རེད།
ཉིན་ཤས་གོང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་3.0པར་གཞིའི་རིམ་སྤོར་གྲོས་ཆོད་ཡི་གེར་དངོས་སུ་མིང་རྟགས་བཀོད་ཡོད། ཁཱ་ཐེ་ཕུའུ་དབྱི་ཡིས། “འདི་ལས་ཁམ་ཕུ་ཁྲེའི་ཞིང་ལས་ཐོན་རྫས་དང་ཀྲུང་གོའི་འཛད་སྤྱོད་པའི་བར་ཐག་སྔར་བས་ཉེ་རུ་གཏོང་ངེས་ཡིན་པ་དང་། མ་འོངས་པར་ཁམ་ཕུ་ཁྲེའི་ཐོན་རྫས་སྔར་བས་མང་བ་ཀྲུང་གོའི་ཁྲོམ་རར་གཏོང་བར་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།