རྒྱལ་དམངས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་རྒྱུན་མཐུད་བྱུང་བ།
“ཟླ་བ་10པར། ཐོན་སྐྱེད་ཀྱི་དགོས་མཁོ་བརྟན་པོ་འཕར་བ་དང་། ལས་ཞུགས་དང་ཟོག་གོང་སྤྱི་ཡོངས་ནས་བརྟན་པོ་ཡོད་པ། ཕྱོགས་སྒྱུར་རིམ་སྤོར་གྱི་རྣམ་པ་རྒྱུན་མཐུད་བཅས་བྱུང་བས། རྒྱལ་དམངས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་རྒྱུན་མཐུད་བྱུང་ཡོད” ཟླ་བ་11ཚེས་14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཡོངས་བསྒྲགས་ཚོགས་འདུར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་དང་། སྤྱི་ཁྱབ་དཔལ་འབྱོར་ཆེད་ལས་ཅན། རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་བསྡོམས་རྩིས་སིའི་སི་ཀྲང་བཅས་ཡིན་པའི་ཧྥུའུ་ལིང་ཧུའེ་ཡིས་2025ལོའི་ཟླ་བ་10པའི་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་སྐྱོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
ཕྱོགས་ཡོངས་ནས་འཁོར་སྐྱོད་ལ་ལྟ་བ།
ཐོན་སྐྱེད་མཁོ་སྤྲོད་མུ་མཐུད་འཕར་བ་དང་ཁྲོམ་རའི་ཕྱིར་ཚོང་མུ་མཐུད་རྒྱ་ཆེར་སོང་བ།
ཚོགས་འདུའི་ཐོག ཧྥུའུ་ལིང་ཧུའེ་ཡིས་ཟླ་བ་10པའི་དཔལ་འབྱོར་འཁོར་སྐྱོད་ཀྱི་ཁྱད་ཆོས་གཙོ་བོ་ངོ་སྤྲོད་བྱས།
ཐོན་སྐྱེད་མཁོ་སྤྲོད་མུ་མཐུད་འཕར་ཞིང་། ཞིང་ལས་ཐོན་སྐྱེད་ཀྱི་དུས་བབ་ཅུང་ལེགས་པ་སྟེ། སྟོན་འབྲུའི་རྒྱ་ཁྱོན་བརྟན་པོའི་ངང་འཕར་བ་དང་། མུའུ་རེའི་ཐོན་འབབ་རྒྱུན་མཐུད་མང་དུ་ཕྱིན་པ། ལོ་ཧྲིལ་པོར་འབྲུ་རིགས་ལ་ལོ་ལེགས་ཡོང་རེ་ཡོད་པ། སྟོན་དགུན་གཉིས་ཀྱི་རྨོ་འདེབས་ཀྱི་འཕེལ་རིམ་སྤྱིའི་ཆ་ནས་བདེ་བླག་བྱུང་བ་བཅས་རེད། བཟོ་ལས་ཐོན་སྐྱེད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་སྟེ། ཟླ་བ་10པར་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་4.9%འཕར་ཡོད།
ཁྲོམ་རའི་ཕྱིར་ཚོང་མུ་མཐུད་རྒྱ་ཆེར་འགྲོ་བཞིན་ཡོད་ཅིང་། འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བའི་ཆེད་དོན་བྱ་སྤྱོད་ལ་མུ་མཐུད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། གུང་གསེང་དཔལ་འབྱོར་གྱི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པ། ཚོང་ཟོག་དང་ཞབས་ཞུའི་སིལ་ཚོང་རྒྱུན་མཐུད་འཕར་བ་བཅས་རེད། ཟླ་བ་10པར། སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་2.9%འཕར་བ་དང་། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་འབྲེལ་ཡོད་ཚོང་ཟོག་གི་ཕྱིར་ཚོང་ཅུང་མགྱོགས་ཙམ་འཕར་ཡོད་པ་རེད།
ལས་ཞུགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་ཅིང་། ཟླ་བ་10པར་བརྟག་དཔྱད་བྱས་པ་བརྒྱུད་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་5.1%ཟིན་པ་དེ་ཟླ་བ་གཉིས་བསྟུད་མར་ཆག་ཡོད།
ཟོག་གོང་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་ཞིང་། གྲོང་མིའི་འཛད་སྤྱོད་རིན་གོང་ཆག་པ་ནས་འཕར་བ་དང་། བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱི་བཟོ་གྲྭ་ནས་ཐོན་པའི་རིན་གོང་ཆག་ཚད་བསྟུད་མར་དམའ་རུ་ཕྱིན་པ། ཁྲོམ་རའི་འགྲན་རྩོད་སྒྲིག་ལམ་ཚད་ལྡན་དུ་གཏོང་བའི་ཕན་འབྲས་རིམ་བཞིན་མངོན་པ་སྟེ། ཟླ་བ་10པར་ལིས་གྱེས་རྡུལ་གློག་རྫས་བཟོ་སྐྲུན་དང་འོད་ཤུགས་སྒྲིག་ཆས་དང་། དེ་བཞིན་ལྷུ་ལག་ཆེ་གྲས་བཟོ་སྐྲུན་ལས་རིགས་ཀྱི་རིན་གོང་ཟླ་བ་གོང་མའི་བསྡུར་ཚད་ལས་0.2%དང་0.6%སོ་སོར་འཕར་ཡོད།
ཕྱོགས་སྒྱུར་རིམ་སྤོར་གྱི་རྣམ་པ་རྒྱུན་མཐུད་བྱུང་ཞིང་། ཟླ་བ་10པར་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་7.2%འཕར་བ་དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་ལས་མུ་མཐུད་མགྱོགས་པ་དང་། ཕྱིར་གཏོང་གི་གནས་ཚུལ་ནས་བལྟས་ན། ཟླ་བ་དང་པོ་ནས་ཟླ་བ་བཅུ་པའི་བར་གྱི་མཐོ་གསར་ལག་རྩལ་གྱི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་7.3%འཕར་ཡོད་པ་རེད།
རྩོད་སྒྲུབ་ནས་འགྱུར་ལྡོག་ལ་ལྟ་བ།
མ་འཇོག་གི་གྲུབ་ཆ་ལེགས་སུ་ཕྱིན་པ་དང་མི་མངོན་པའི་སྟོབས་ཤུགས་སྔར་བཞིན་ཧ་ཅང་ཆེན་པོ་ཡོད་པ།
དུས་ཚིགས་དང་པོ་ནས་གསུམ་པའི་བར། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་0.5%ཆག་པ་དང་། ཟླ་བ་དང་པོ་ནས་ཟླ་བ་བཅུ་པའི་བར་1.7%ཆག་པ། ཟླ་བ་10པར་ཕྱིར་གཏོང་དུས་མཚུངས་ལས་1.1%ཆག་ཡོད། དཔལ་འབྱོར་འཁོར་སྐྱོད་ཁྲོད་བྱུང་བའི་འགྱུར་ལྡོག་དེ་དག་ལ་ལྟ་སྟངས་ཇི་ལྟར་འཛིན་དགོས་སམ།
“ཟླ་བ་དང་པོ་ནས་ཟླ་བ་བཅུ་པའི་བར། རིན་གོང་གི་རྒྱུ་རྐྱེན་ཕུད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་ཅུང་ཟད་འཕར་བ་དང་། དངོས་རྫས་ལ་མ་དངུལ་གཏོང་ཚད་སྔར་བཞིན་མང་དུ་ཕྱིན་ཡོད”ཅེས་མ་འཇོག་གི་གནས་ཚུལ་ལ་ཧྥུའུ་ལིན་ཧུའེ་ཡིས་དབྱེ་ཞིབ་འདི་ལྟར་བྱས་པ་སྟེ།
རང་རྒྱལ་གྱི་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་དང་བར་མཐོངས་སྔར་བཞིན་ཧ་ཅང་ཆེན་པོ་ཡོད་ཅིང་། ཐོན་ལས་འཕེལ་རྒྱས་ནས་བལྟས་ན། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་འཛུགས་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བར་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ས་ཁོངས་འཕེལ་རྒྱས་ཀྱི་ངོས་ནས་བལྟས་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གསར་སྒྱུར་སྒྱུར་བཀོད་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་ཡང་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། དམངས་འཚོ་འགན་སྲུང་གི་ངོས་ནས་བལྟས་ན། སློབ་གསོ་དང་། སྨན་བཅོས། སྡོད་ཁང་། གཞི་རྩའི་སྤྱི་པའི་ཞབས་ཞུ་སོགས་དམངས་འཚོའི“ཞན་ཆ་སེལ་བར”སྔར་བཞིན་མ་འཇོག་ལ་བརྟེན་དགོས།
ལོ་ཧྲིལ་པོར་བལྟས་ན།
ལོ་ཧྲིལ་པོའི་སྔོན་དཔག་དམིགས་ཚད་ མངོན་འགྱུར་བྱེད་པར་དགེ་མཚན་ལྡན་པའི་ཆ་རྐྱེན་ཅུང་མང་པོ་ལྡན་པ།
མིག་སྔར། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པ་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཡོད། ཟླ་བ་དང་པོ་ནས་བཅུ་པའི་གྲངས་གཞིར་བལྟས་ན། སྔོན་དཔག་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཐུབ་བམ།
དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་ཅིང་། ད་ལོ་ཚུན་དུ། རང་རྒྱལ་གྱི་དཔལ་འབྱོར་ཅུང་འཕར་མགྱོགས་པ་དང་། ལས་ཞུགས་དང་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་ཡོད་པ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་བས། ལོ་ཧྲིལ་པོའི་དམིགས་ཚད་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།
དགོས་མཁོའི་མི་མངོན་པའི་ནུས་པ་མུ་མཐུད་འདོན་བཞིན་ཡོད་ཅིང་། ཁྲོམ་རའི་ཕྱིར་ཚོང་བརྟན་པོའི་ངང་རྒྱ་ཆེར་ཕྱིན་པ་སྟེ། ཡུལ་སྐོར་ཕྱིར་སྐྱོད་དང་། རིག་གནས་ལུས་རྩལ། དྲ་ཐོག་འཛད་སྤྱོད་བཅས་ལ་མུ་མཐུད་གསོན་ཤུགས་ཆེན་པོ་ལྡན་ཡོད། དུས་མཚམས་རྗེས་མར་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྟོབས་ཆེར་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་པོས་མུ་མཐུད་ཤུགས་རྒྱག་པར་སྐུལ་འདེད་བཏང་ཚེ། དེས་ཁྲོམ་རའི་བར་མཐོངས་རྒྱ་ཆེར་འགྲོ་བ་དང་ཁྲོམ་རའི་དགོས་མཁོ་དེ་བས་ཆེ་རུ་འགྲོ་བར་སྐུལ་མ་ཐེབས་རྒྱུ་རེད།
སྤྱི་ཁོག་སྲིད་ཇུས་ཀྱི་ཕན་འབྲས་མུ་མཐུད་ཐོན་ཞིང་། ད་ལོ་ནས་བཟུང་། དེ་བས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་ལེན་གང་མགྱོགས་བསྟར་བ་དང་། “གཙོ་གནད་གཉིས”དང“གསར་པ་གཉིས”ཀྱི་སྲིད་ཇུས་ཀྱི་ཕན་འབྲས་མངོན་གསལ་དོད་པ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དགོས་མཁོ་རྒྱ་སྐྱེད་དང་ཐོན་སྐྱེད་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པ། དཔལ་འབྱོར་འཁོར་སྐྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས། དཔལ་འབྱོར་བརྟན་པོ་ཡོང་བར་ནུས་པ་གལ་ཆེན་ཐོན་ཡོད།
འབྲེལ་ཡོད་གསར་འགྱུར།