དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར། ཐོག་མའི་བསམ་འདུན་ལེགས་པར་བསྒྲུབས།

    ——རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཕུར་བུ་རྒྱལ་མཚན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-17

    ཆ་སྙོམས་ས་བབ་སྨི་4500ཡན་ཟིན་པའི་བོད་ལྗོངས་མངའ་རིས་སུ་གོས་དཀར་ལྷ་རྗེ་ཞིག་གིས་ལོ་སུམ་ཅུའི་རིང་ཉིན་གཅིག་ལྟར་སྒོ་བསྟེན་སྨན་ཁང་དང་། འབྲོག་ཁུལ། འཆད་སྟེགས་བཅས་སུ་ཕར་འགྲོ་ཚུར་འོང་གིས་ནད་བཅོས་སྲོག་སྐྱོབ་ཀྱི་ལས་ལ་གཞོལ་ཞིང་། ཁོང་ནི་མངའ་རིས་ས་ཁུལ་གྱི་སྲིད་གྲོས་ཨུ་ཡོན་དང་། ས་ཁུལ་སྨན་རྩིས་ཁང་གི་སྨན་པ། སྤུ་ཧྲེང་གངས་ཏི་སེ་ཡན་ལག་སྨན་ཁང་གི་ཡོན་ཀྲང་བཅས་ཡིན་པའི་ཕུར་བུ་རྒྱལ་མཚན་རེད། ཁོང་གིས་སྨན་པའི་བྱམས་སེམས་ཐུགས་ལ་བཅངས་ཏེ་ནད་པར་སྨན་བཅོས་དང་། མཁས་པའི་སྙིང་རུས་ལ་བརྟེན་ནས་རིག་གནས་རྒྱུན་འཛིན། ཨུ་ཡོན་གྱི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ནས་འགན་འཁྲི་གཙང་སྒྲུབ་བཅས་གནང་བར་བརྟེན་གངས་ལྗོངས་ས་མཐོའི་བཀྲག་མདངས་འཚེར་བའི་མིག་དཔེ་ཞིག་ཏུ་གྱུར་ཡོད།

    1993ལོའི་གོང་། སྐབས་དེར་ལོ་ན་ཕྲ་བའི་ཁོང་གིས་བོད་ཀྱི་གསོ་བ་རིག་པར་བརྩེ་བ་ཟབ་མོ་བཅངས་ནས་གསོ་རིག་སྦྱོང་བའི་ལམ་བུར་བསྐྱོད། ཕུར་བུ་རྒྱལ་མཚན་གྱིས“སྐབས་དེ་དུས་ཞོགས་པ་སྔ་པོ་ལངས་ནས་སྨན་རྒྱུ་ངོས་འཛིན་བྱེད་དགོས་པ་མ་ཟད། མཚན་གང་རྒྱུད་བཞི་ངག་སྐྱོར་གཏོང་དགོས་ཀྱི་ཡོད”ཅེས་བརྗོད། ཁོང་གིས“རྒན་ལགས་ཀྱིས་རྒྱུན་དུ་སྨན་པ་ཞིག་བྱེད་དགོས་ན་སྔོན་ལ་ཀུན་སྤྱོད་སྐྱོང་དགོས་པ་དང་། ནད་བཅོས་སྐབས་སྔོན་ལ་ནད་པའི་སེམས་ནད་བཅོས་དགོས”ཞེས་པའི་བཀའ་སློབ་ཀྱིས་ང་ལ་བོད་ཀྱི་གསོ་བ་རིག་པ་སྦྱོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་གནང་བྱུང་ཞེས་ཕྱིར་དྲན་བྱེད་བཞིན་བརྗོད།

    1993ལོའི་ཟླ་5པར། ཕུར་བུ་རྒྱལ་མཚན་མངའ་རིས་ས་ཁུལ་སྨན་རྩིས་ཁང་དུ་ལས་ཀར་ཞུགས་ནས་རང་ཉིད་ཀྱི་བོད་ཀྱི་གསོ་བ་རིག་པར་བརྟེན་ནས་ནད་གཞི་སྐྱོབ་བཅོས་བྱེད་པའི་བྱ་གཞག་གཉེར་འགོ་བརྩམས། ལོ་གཅིག་གི་རྗེས་སུ་ལོ་ན་ཕྲ་བའི་ཁོང་གིས་དམ་བཅའ་བློ་ལ་བརྟན་པོར་ངེས་ནས་སྨན་པ“རྐང་རྗེན་མ”ཞིག་བྱས། “གྲོང་ཚོ་མང་པོར་བདེ་ལམ་མེད་པས་རྒྱུན་དུ་རྟ་དང་སྦག་སྦག་བཞོན་ནས་མང་ཚོགས་ལ་ནད་ལྟ་བར་འགྲོ་གི་ཡོད”ཅེས་ཕུར་བུ་རྒྱལ་མཚན་གྱིས་ཕྱིར་དྲན་དང་བཅས་བརྗོད།

    1994ལོ་ནས་1999ལོའི་བར་གྱི་ལོ་ལྔའི་རིང་། ཕུར་བུ་རྒྱལ་མཚན་གྱིས་སྨན་སྒམ་ཕྲག་ཏུ་ཁུར་ནས་མངའ་རིས་ཀྱི་རི་ཀླུང་གང་སར་བསྐྱོད། “ཐག་རིང་ཤོས་ཤིག་ལ་འབྲོག་སར་རྟ་བཞོན་ནས་ཉིན་གསུམ་སོང་རྗེས་གཞི་ནས་ནད་པའི་སར་འབྱོར་ཐུབ་ཙམ་བྱུང་། སྐབས་དེ་དུས་བགྲེས་སོང་ཁོང་ལ་ཚ་བ་ཆེན་པོ་བརྒྱབ་འདུག ངས་ཁོང་གི་ཚ་བ་འཇགས་རྗེས། ནང་མི་ཚང་མ་དགའ་པོ་བྱུང་སོང”ཞེས་བརྗོད། ཁོང་མངའ་རིས་ས་ཁུལ་གྱི་ཤང་དང་གྲོང་རྡལ་ཁག་30ལ་སྐྱོད་མྱོང་ཡོད་ལ་ནད་པ་མི་ཐེངས་ཁྲི་ལྷག་ཙམ་ལ་སྨན་བཅོས་བྱེད་མྱོང་ཡོད།

    1999ལོའི་ཟླ་4པར། ཕུར་བུ་རྒྱལ་མཚན་གྱིས་མངའ་རིས་གངས་ཏི་སེ་གསོ་རིག་སློབ་གྲྭའི་སྒོ་བསྟེན་སྨན་ཁང་གི་འགན་ཁུར་བ་བྱས་ཤིང་། 2016ལོའི་ཟླ་5པར། སྒོ་བསྟེན་སྨན་ཁང་དེ་བོད་ལྗོངས་མངའ་རིས་ས་ཁུལ་སྨན་རྩིས་ཁང་སྤུ་ཧྲེང་གངས་ཏི་སེ་ཡན་ལག་སྨན་ཁང་དུ་རིམ་སྤོར་བྱས་པ་དང་། ཁོང་ཡང་ཡན་ལག་སྨན་ཁང་གི་ཡོན་ཀྲང་གནང་བ་རེད།

    2017ལོར། ཕུར་བུ་རྒྱལ་མཚན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་ཐོན་བྱུང་བ་རེད།

    “སྲིད་གྲོས་ཨུ་ཡོན་ནི་གཟི་བརྗིད་མཚན་སྙན་ཞིག་མིན་པར་འགན་འཁྲི་ཞིག་རེད”ཅེས་ཕུར་བུ་རྒྱལ་མཚན་གྱིས་རྒྱུན་དུ་དེ་ལྟར་གསུངས་ཀྱི་ཡོད། འགན་འཁྲི་སྒྲུབ་པའི་ལམ་བུར་ཁོང་གིས་རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་དང་མངའ་རིས་ས་ཁུལ་གྱི་འཕེལ་རྒྱས་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་བརྟག་ཞིབ་གཏིང་ཟབ་གནང་ནས་སྔ་རྗེས་སུ་གྲོས་གཞི་ཁག་10ལྷག་ཙམ་ཕུལ་ཡོད། ཁོང་གིས་ད་དུང་རིག་གནས་ལོ་རྒྱུས་དཔྱད་གཞི་རྩོམ་སྒྲིག་ལས་དོན་ལ་ཧུར་ཐག་ཞུགས་ཏེ《མངའ་རིས་ཀྱི་གཉེན་སྒྲིག་དམངས་གཞས》དང《བོད་ལུགས་གསོ་རིག་གི་ལོ་ཐོ》སོགས་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་དཔེ་དེབ་15འཚོལ་བསྡུ་རྩོམ་སྒྲིག་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།