རང་བཞིན་སླར་གསོ་དང་མི་ཐབས་སླར་གསོའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་འབྲེལ་བ་གལ་ཆེན་འགའ་ཞིག་ཐག་གཅོད་ཡང་དག་བྱེད་དགོས། དེའི་ནང་རང་བཞིན་སླར་གསོ་དང་མི་ཐབས་སླར་གསོའི་དབར་གྱི་འབྲེལ་བ་ནི་སྐྱེ་ཁམས་ཀྱི་རྨང་གཞིར་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་ཞེས་གཏིང་ཟབ་བསྟན་གནང་ཡོད། རྣམ་བཤད་གལ་ཆེན་དེས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་བ་མ་ཟད། བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྱོང་ལ་ཚན་རིག་དང་མཐུན་པའི་ཁྲིད་སྟོན་དང་རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད།
རང་བཞིན་སླར་གསོ་ནི་སྐྱེ་ཁམས་སྲུང་སྐྱོང་གི་རྨང་གཞིའི་རྟེན་ས་ཡིན། རང་བྱུང་སྐྱེ་ཁམས་མ་ལག་ལ་རང་ངོས་སྙོམས་སྒྲིག་དང་། གཙང་སེལ། སླར་གསོ་བཅས་ཀྱི་ནུས་པ་ལྡན་པ་དང་བོད་ཀྱིས་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆའི་རྒྱ་ཁྱོན་50%ཡན་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ཁྱབ་ཁོངས་ནང་བཅུག་ནས་རང་བཞིན་ངང་སླར་གསོ་ཐུབ་པར་བར་མཐོངས་ཆེན་པོ་དང་དུས་ཚོད་འདང་ངེས་བཞག་ཡོད། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་ཆ་མཚོན་ན། མིའི་རིགས་ཀྱི་གཏོར་བཤིག་བྱེད་སྤྱོད་ལ་དོ་དམ་དང་ཚོད་འཛིན་ནན་པོ་བྱས་པ་བརྒྱུད། གཙོད་དང་རྐྱང་སོགས་རྩ་ཆེའི་སྲོག་ཆགས་ལ་རང་དགར་འཚོ་སྡོད་དང་སྐྱེ་འཕེལ་བྱེད་པའི་ཡུལ་ཞིག་བྱུང་ཞིང་། གཙོད་ཀྱི་གྲངས་འབོར་ཡང་དེ་སྔའི་ཁྲི་7མ་ཟིན་པ་ནས་ད་ཆའི་ཁྲི་30ཙམ་བར་མང་དུ་ཕྱིན་ཡོད། སྐྱེ་ཁམས་མ་ལག་གིས་རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དོ་སྙོམས་དང་བརྟན་པོ་ཡོང་བ་བྱེད་པ་དེས“རང་བཞིན་སླར་གསོ་བྱ་རྒྱུ་གཙོ་བོར་འཛིན་པའི”བྱེད་ཕྱོགས་ཀྱི་ཚན་རིག་རང་བཞིན་ལ་བདེན་དཔང་བྱས་ཡོད་ལ། སྐྱེ་ཁམས་མ་ལག་གི་གདོད་མའི་སྙོམ་སྒྲིག་ནུས་པ་ཡང་རང་སོར་གནས་ཐུབ་ཡོད།
མི་ཐབས་སླར་གསོ་ནི་གཏོར་སྐྱོན་ཕོག་པའི་སྐྱེ་ཁམས་སླར་གསོ་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། སྐྱེ་ཁམས་མ་ལག་ལ་དམིགས་བསལ་རྒྱུ་རྐྱེན་གྱིས་གཏོར་སྐྱོན་ཚབས་ཆེན་ཕོག་ཚེ། རང་བཞིན་ངང་སླར་གསོ་ཡོང་བར་ཕན་འབྲས་ཐོན་དཀའ་བས། མི་ཐབས་ལ་བརྟེན་པའི་བྱེད་ཐབས་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། བོད་ཀྱིས་ས་མཐོའི་སྐྱེ་ཁམས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་འདམ་ར་སྲུང་སྐྱོང་བྱེད་པའི་ཐད“རང་བཞིན་སླར་གསོ་རྨང་གཞིར་བྱེད་པ་དང་མི་ཐབས་བཅོས་སྐྱོང་གིས་མཐུན་རྐྱེན་སྦྱོར་བའི”མཐུན་སྦྱོར་ལམ་སྲོལ་བཙུགས་ཡོད། 2023ལོར་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་འདམ་ར་སླར་གསོའི་རྣམ་གྲངས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་སྟེ། སྐྱེ་ཁམས་ལྷོད་གཏོང་ཁུལ་དང་ཆུ་གསབ་སྒྲིག་བཀོད་སོགས་མི་ཐབས་བྱ་ཐབས་སྤྱད་པ་བརྒྱུད། སྐྱེ་ནུས་ཉམས་པའི་འདམ་ར་སྤྱི་ཆིང་སྟོང་ཕྲག་ལྷག་ཙམ་སླར་གསོ་ཐུབ་སྟེ། དེ་སྔ་ཉམས་ཞན་དུ་གྱུར་བའི་འདམ་རར་སླར་ཡང་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་ཡོད། ཁུལ་ཁོངས་མི་འདྲ་བའི་སྐྱེ་ཁམས་ཀྱི་གནས་ཚུལ་ལ་དམིགས་ནས། བོད་ཀྱིས་རིགས་དབྱེ་ཇུས་བསྟར་བྱས་པ་སྟེ། རང་བཞིན་སླར་གསོར་འཚམ་པའི་ཁུལ་ཁོངས་ལ་དོ་དམ་དང་ཚོད་འཛིན་ནན་པོ་དང་སྟབས་བསྟུན་ལྟ་ཞིབ་ཚད་ལེན་གྱི་ཚོད་སྐོར་ལག་བསྟར་ནན་པོ་བྱས་པ་དང་། གཏོར་སྐྱོན་ཚབས་ཆེན་ཕོག་པའི་ཁུལ་ཁོངས་ལ་སྔོ་ཁེབས་གསབ་འདེབས་དང་ཆུ་དཔྱད་སྙོམ་སྒྲིག་སོགས་མི་ཐབས་ལ་བརྟེན་ནས་སྐྱེ་ཁམས་མགྱོགས་མྱུར་སླར་གསོ་ཐུབ་པར་བྱས་ཡོད།
རྒྱལ་ཁབ་ས་ཆ་སྔོ་འགྱུར་ནི་སྐྱེ་ཁམས་ལེགས་སུ་གཏོང་བའི་གསོན་ཤུགས་ཀྱི་འབྱུང་ཁུངས་རེད། བོད་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་མུ་མཐུད་གཏིང་ཟབ་སྤེལ་ཞིང་། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་100ལྷག་ཙམ་བྱས་ནས་ནགས་ཚལ་ཁྱབ་ཚད་12.31%བར་མང་དུ་འགྲོ་བར་སྐུལ་འདེད་བཏང་ཡོད། ལྷོ་རི་བྱང་རིའི་སྔོ་འགྱུར་བརྒྱུད་རིམ་ནང་ལས་དོན་པས་ས་བབ་མཐོ་བ་དང་གནམ་གཤིས་ཞན་པ་སོགས་ཀྱི་དཀའ་གནད་ཁྱད་བསད་བྱས་ཏེ། ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་བདག་སྐྱོང་ཞིབ་ཚགས་བྱས་ནས་སྔོན་ཆད་ཀྱི་རི་རྒོད་སྔོ་ལྗང་དུ་འགྱུར་བར་བྱས་ཡོད། དེ་དང་ཆབས་ཅིག་བོད་ཀྱིས་སྐྱེ་ཁམས་ལས་གནས་ཁྲི་44ལྷག་ཙམ་བཏོད་དེ་ས་གནས་དེ་གའི་མང་ཚོགས་སྐྱེ་ཁམས་སྲུང་སྐྱོང་ལས་ཀར་བཅུག་པས། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་ཕྱིན་པ་མ་ཟད། སྐྱེ་ཁམས་བཅོས་སྐྱོང་ལ་ངལ་ནུས་མཁོ་འདོན་ཐུབ་ཡོད།
མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་ནི་སྐྱེ་ཁམས་སྲུང་སྐྱོང་གི་ཐབས་ལམ་གཙོ་བོ་ཞིག་རེད། རང་བཞིན་སླར་གསོ་དང་མི་ཐབས་སླར་གསོའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པའི་འགག་རྩ་ནི་མི་དང་རང་བྱུང་གི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཡིན་པའི་འདུ་ཤེས་ལག་ལེན་བསྟར་ནས། ས་ཁོངས་ཧྲིལ་པོའི་སྲུང་སྐྱོང་བཅོས་སྐྱོང་གི་བཀོད་པ་གཏོད་པ་དང་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱེད་ཐབས་གཉིས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ། ཡུལ་དུས་ལ་བསྟུན་པ་དང་ཁུལ་དབྱེ་རིགས་དབྱེའི་གནད་སྨིན་ཇུས་བསྟར་བྱེད་དགོས་པ་ལག་ལེན་ལས་གསལ་བཤད་ཐུབ་ཡོད། སླད་ཕྱིན་ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པར་མུ་མཐུད་གོ་བ་ལེན་གཏིང་ཟབ་ལེན་པ་དང་། རང་བཞིན་སླར་གསོ་དང་མི་ཐབས་སླར་གསོ་གཅིག་གྱུར་ནུས་ལྡན་གྱི་ལག་ལེན་བྱེད་ཐབས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ། ཚན་རིག་དང་མཐུན་པའི་སྤྱི་འདོམས་ལ་བརྟེན་ནས་བོད་ཀྱི་ནམ་མཁའ་དེ་བས་གཡའ་དག་པ་དང་། རི་བོ་དེ་བས་སྔོ་ལྗང་། ཆུ་བོ་དེ་བས་དྭངས་གཙང་བཅས་ཡོང་བར་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་ཆེད་ས་མཐོའི་སྐྱེ་ཁམས་ཀྱི་སྲུང་བཅད་བརྟན་དུ་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།