“བོད་ནས་ཨང་3000”ལ་ལོ་ལེགས་ཀྱི་འབྲས་བཟང་སྨིན།

འདི་ནི་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཚན་རྩལ་མི་སྣས་མཚོ་སྣ་གྲོང་ཁྱེར་སྦྱོར་ར་ཤང་དུ་སྤུས་ལེགས་སོན་རིགས་འདེམས་བཞིན་པ།
རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཚོད་ལྟའི་ས་ཞིང་དུ། ཚན་རྩལ་མི་སྣ་བཀྲ་ཤིས་ནོར་བུས་དགུན་ནས་སྐྱེ་འཚར་ལ་ལྟ་ཞིབ་ཞིབ་ཚགས་བྱེད་བཞིན་འདུག ཟླ་བ་བཅུ་པར་ཚོད་ལྟའི་ས་ཞིང་དེར་དགུན་ནས་དང་དགུན་གྲོ་མུའུ་ཁ་ཤས་བཏབ་པ་དང་། ཟླ་བ་གཅིག་ལྷག་ཙམ་རིང་གཡོག་བྱེད་ཚགས་ཚུད་བྱས་པ་བརྒྱུད། ད་ཆ་ལྗང་པ་ཐོན་འགོ་ཚུགས་ཡོད།
ཚོད་ལྟའི་ས་ཞིང་ནས་ཚོད་ལྟ་ལེགས་གྲུབ་བྱུང་བའི་ས་བོན་དག་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་དུ་ཁྱབ་གདལ་བཏང་བ་ཕུད། ད་དུང་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་དུ་དཔེ་མཚོན་འདེབས་བཞིན་ཡོད་ཅིང་། བཀྲ་ཤིས་ནོར་བུས“དེང་སྐབས། རང་ལྗོངས་ཀྱིས་གཙོ་བོར་ཁྱབ་གདལ་བཏང་བའི་ནས་སོན་གྱི་གྲས་ཤིག་ཡིན་པའི‘བོད་ནས་ཨང་3000’དེ་ད་ལོ་རང་ལྗོངས་སུ་རྒྱ་ཆེན་བཏབ་པ་དང་འབྲེལ། རྫོང་དང་ཆུས་ཁག་གཅིག་ལ་ཡོངས་ཁྱབ་བྱུང་ཡོད”ཅེས་བརྗོད།
“བོད་ནས་ཨང་3000”གི་འདེབས་གསོའི་དུས་ཡུན་རིང་ཞིང་། 2008ལོར་ཚན་ཞིབ་མི་སྣས་འགྱེལ་འགོག་དང་སྤུས་ལེགས་ཀྱི་གྲོའི་སོན་རིགས་ནང་འདྲེན་བྱས་ནས་ལྗོངས་ནང་ཁུལ་དུ་འདེབས་གསོ་བྱས་པའི་སོན་རིགས་དང་རྒྱུད་འདྲེས་བྱས་པ་དང་སྦྲགས། ལྷོ་རྒྱུད་དུ་སོན་གསོ་གསལ་འབྱེད་དང་གདམ་གསེས་བྱས་པ་དང་། ལོ་6བསྟུད་མར་སོན་རབས་བདུན་ལ་གསལ་འབྱེད་གདམ་གསེས་བྱས་པ་བརྒྱུད། 2013ལོར་སྐྱེ་འཚར་བདེ་བླག་བྱུང་བ་དང་། ནས་སོན་རིགས་གསར་པའི་ལྟ་ཞིབ་གསལ་འབྱེད་དང་ཐོན་ཚད་ཞིབ་བསྡུར་ཚོད་ལྟ་ལེགས་གྲུབ་བྱུང་ནས། 2022ལོར་རྒྱལ་ཁབ་ཀྱི་ཞིང་ལས་ལོ་ཏོག་གཙོ་བོ་མིན་པའི་སོན་རིགས་ཐོ་འགོད་ཐུབ་པ་དང་སྦྲགས། 2023ལོར་ཁྱབ་གདལ་རྒྱ་ཆེ་ཐུབ་ཡོད། རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་ཐོན་འབབ་ཚོད་རྩིས་བརྒྱབ་པ་བརྒྱུད“བོད་ནས་ཨང་3000”གི་མུའུ་རེའི་ཐོན་འབབ་སྤྱི་རྒྱ་415.66ཟིན་པས། ཐོན་འཕར་གྱི་ལེགས་ཆ་ཅུང་ཆེན་པོ་ལྡན་ཡོད།
ནས་ནི་ས་མཐོའི་ཁུལ་གྱི་ཞིང་ལས་ལོ་ཏོག་གཙོ་བོ་རེད་ལ། བོད་རིགས་མི་དམངས་ཀྱི་སྲོལ་རྒྱུན་བཟའ་འབྲུ་གཙོ་བོ་ཞིག་ཀྱང་ཡིན་ཞིང་། ལྗོངས་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་རྨང་རྡོ་བརྟན་པོ་ཞིག་ལ་གྱུར་ནས། འདེབས་ཁྱོན་དང་ཐོན་འབབ་གཉིས་ཀ་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་བསྡོམས་འབོར་གྱི་75%ལྷག་ཙམ་ཟིན་ཡོད།
བསྡོམས་རྩིས་ལ་གཞིགས་ན། ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་ཞིབ་བཤེར་གཏན་འབེབས(ཐོ་འགོད)བྱས་པའི་ནས་སོན་རིགས་གསར་པ་78ཡོད་ཅིང་། “བོད་ནས་ཨང་3000”འདེབས་གསོ་ལེགས་གྲུབ་བྱུང་བ་ལས་དེ་སྔ་སོན་རིགས་མི་འདང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས། སོན་རིགས་ཀྱི་ཕྱོགས་བསྡུས་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
ད་ཆ། ལོ་ལེགས་ཀྱི་ནམ་དུས་འཆར་རིམ་བཞིན། ཞིང་ནང་དུ་གསེར་མདོག་གི་སྙེ་མས་ཁེངས་ཤིང་། ཞིང་པ་ཚོས་སྙེ་རྟོག་ལ་ལྟ་གིན་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན“‘བོད་ནས་ཨང་3000’བཏབ་ན་སེམས་ཁྲལ་ཆུང་བ་མ་ཟད། ཐོན་འབབ་ཀྱང་མཐོ་པོ་འདུག་པས། མཐོང་བ་ཙམ་གྱིས་དགའ་པོ་འདུག”ཅེས་བརྗོད།
“བོད་ནས་ཨང་3000”འདེབས་གསོ་བདེ་བླག་ཐུབ་པ་དེ་ནི་སྔོན་ཐོན་བརྩོན་ལེན་བྱེད་པའི་སྙིང་སྟོབས་ཀྱི་ཐད་ཀའི་མཚོན་ཚུལ་ཞིག་ཡིན་ཞིང་། དེ་ལས་ཚན་རིག་ཞིབ་འཇུག་ཚོགས་པས་ཉིན་ཐོག་ཉིན་བརྩེགས་དང་ལོ་ནས་ལོ་མཐུད་ཀྱིས་རྔུལ་ཆུ་ས་ལ་ཐིམ་པའི་འབད་བརྩོན་བྱས་པ་མཚོན་ཐུབ། “བོད་ནས་ཨང་3000”གི་འདེབས་གསོའི་ཉམས་མྱོང་ལས་ལོ་ཏོག་གཞན་དག་སྐྱེ་འཚར་ལ་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་ཡོད། ཚོད་ལྟའི་ས་ཞིང་འདིར་ཚོད་འདེབས་བྱས་པའི་དགུན་གྲོའང་སྐྱེ་འཚར་ཡག་པོ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།