དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སི་ཁྲོན་དཀར་མཛེས་དཔལ་ཡུལ་རྫོང་གིས་བྱ་ཐབས་མང་པོ་སྤྱད་དེ་ཡོང་འབབ་དམའ་བའི་ཚོགས་སྤྱིར་འགན་སྲུང་བྱེད་པ།

    ཐ་སྐྱོང་རོགས་སྐྱོར་བྱས་ནས་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝང་མིང་ཧྥུང་།   |     སྤེལ་དུས།  2025-11-16

    དགུན་སྟོད་ཀྱི་ཁྲོན་ནུབ་ས་མཐོར་ཉི་འོད་རབ་ཏུ་འཕྲོས་པའི་འབྲི་ཆུའི་ངོགས་སུ་སྐྱེ་སྟོབས་ཀྱི་གསོན་ཤུགས་རབ་ཏུ་འབར་ཞིང་། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དཔལ་ཡུལ་རྫོང་ཧོར་སྤོ་གྲོང་རྡལ་མེ་སྡེ་གྲོང་ཚོའི་ཡུལ་མི་བཀྲ་ཤིས་འཚོས་སྐོར་སྲུང་གོ་ཆ་བསྡུ་གསོག་ཞིབ་ཚགས་རྒྱག་གིན་ཉིན་གཅིག་གི་སྐྱེ་ཁམས་སྐོར་སྲུང་ལས་དོན་སྒྲུབ་འགོ་ཚུགས། གྲོང་ཚོའི་ཞིང་འབྲེལ་ལས་གནས་ཀྱི་སྐྱེ་ཁམས་སྐོར་སྲུང་བ་ཡིན་པའི་ཁོང་ལ་ཟླ་རེར་ཡོང་འབབ་སྒོར་800ཡོད་པ་རེད།

    “ལོ་ན་བགྲེས་པའི་ཨ་མར་ལྟ་སྐྱོང་བྱེད་པའི་དུས་ཚོད་འདུག་ལ་རང་ཁྱིམ་ལའང་ཡོང་འབབ་མི་ཉུང་བ་ཡོང་གི་འདུག”ཅེས་པའི་བཀྲ་ཤིས་འཚོའི་སྐད་ཆ་དེ་ལས་བློ་བདེ་བག་ཕེབས་ཀྱི་ཚོར་སྣང་ཞིག་ངང་གིས་མངོན། དཔལ་ཡུལ་རྫོང་དུ་བཀྲ་ཤིས་འཚོ་དང་འདྲ་བར་ཐ་སྐྱོང་རོགས་སྐྱོར་ཐོབ་པའི་མང་ཚོགས་1800ལྷག་ཙམ་ཡོད་པ་རེད།

    ད་ལོ་ཚུན་དུ་དཔལ་ཡུལ་རྫོང་གིས་ཡོང་འབབ་དམའ་བའི་ཚོགས་སྤྱིར་ཐ་སྐྱོང་རོགས་སྐྱོར་གྱི་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་མཐུན་སྦྱོར་བྱས་པ་བརྒྱུད། སྒོར་ཁྲི་1000ཟིན་པའི“དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ཐ་སྐྱོང་ཐོན་ལས་རོགས་སྐྱོར་ཐེབས་རྩ”བཙུགས་པས་རྫོང་ཡོངས་ཀྱི་དུད་ཚང་450ལྷག་ཙམ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་1800ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    དཔལ་ཡུལ་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས“ང་ཚོས‘དུད་ཚང་རེར་ཐབས་ཇུས་རེའི’སྟབས་བསྟུན་དོ་དམ་ལམ་སྲོལ་བཙུགས་ནས་རོགས་སྐྱོར་བྱ་ཐབས་མི་སྒེར་ལ་གནད་འཁེལ་ཡོང་བར་འགན་ལེན་བྱས་ཡོད”ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས། དཀའ་ངལ་ཡོད་པའི་ཁྱིམ་ཚང་མི་འདྲ་བར་དམིགས་ནས་སྲིད་གཞུང་གིས་སྤྱི་ཕན་རང་བཞིན་གྱི་ལས་གནས་མཁོ་འདོན་བྱས་པའི་རྨང་གཞིའི་ཐོག ད་དུང་དེ་ལ་དེ་བསྟུན་གྱི་རོགས་སྐྱོར་ཇུས་གཞི་བཟོས་ཏེ། ངལ་རྩོལ་ནུས་ཤུགས་ཞན་པའི་ཚོགས་སྤྱིར་མེ་ཟོན་སྐོར་སྲུང་སོགས་ཞིང་འབྲེལ་ལས་གནས་གསར་སྤེལ་བྱས་པ་དང་། འཕེལ་རྒྱས་གཏོང་འདོད་ཡོད་པའི་ཞིང་དུད་ལ་གསོ་ཚགས་ཁ་གསབ་དང་ལག་རྩལ་མཛུབ་ཁྲིད་སོགས་བྱས་ཡོད་ཅེས་བརྗོད་པ་རེད།

    མི་རིང་བའི་གོང་ཧོར་སྤོ་གྲོང་རྡལ་གྱི་གསོ་ཚགས་འབྲི་གཡག་སྤྲོད་ཡུལ་དུ། མེ་ཏོག་དམར་པོ་བཏགས་པའི་རྒྱུད་བཟང་འབྲི་གཡག་30ཡོང་འབབ་དམའ་བའི་ཁྱིམ་ཚང་གི་མང་ཚོགས་ལ་སྤྲད་ཅིང་། “འབྲི་གཡག་དེ་དག་ཚང་མར་འགན་བཅོལ་ཡོད་པ་མ་ཟད། ད་དུང་ལག་རྩལ་པས་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱེད་ཀྱི་ཡོད་པས། སྲིད་གཞུང་གིས་ང་ཚོར་བསམ་བློ་ཡག་པོ་བཏང་འདུག” ཅེས་བརྩན་ཡུལ་གྲོང་ཚོའི་ཡུལ་མི་དཔལ་འབྱོར་གྱིས་བརྗོད་པ་དང་། ཁོང་གིས་སྤྲད་མ་ཐག་པའི་འབྲི་གཡག་ཁྲིད་བཞིན་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་རབ་ཏུ་འཕྱུར། ཤེས་རྟོགས་བྱུང་བར་གཞིགས་ན། གསོ་ཚགས་ཁ་གསབ་དེ་ཁྱིམ་ཚང་གི་མི་མགོར་གཞིགས་ནས་ཁྱད་པར་ཅན་གྱི་ཁ་གསབ་སྤྲོད་སྟངས་ལག་བསྟར་བྱས་པ་སྟེ། མི་3མན་གྱི་དུད་ཚང་ལ་སྒོར་3000དང་མི་3ཡན་གྱི་དུད་ཚང་ལ་སྒོར་6000སྤྲད་ཡོད་པ་རེད།

    དབར་རོང་ཤང་རུ་ཐང་གྲོང་ཚོའི་ཡུལ་མི་ཚེ་གཡང་ཉེ་དུས་ལས་བྲེལ་ཧ་ཅང་ཆེན་པོ་ཡོད། གང་ལགས་ཤེ་ན། ཁོང་ཁྱིམ་གྱི་ཨར་འདམ་ལྕགས་རྩིབ་མའི་སྡོད་ཁང་གསར་པ་བརྒྱབ་ཚར་བ་དང་ཐོག་སོ་ཉིས་ལྡན་གྱི་ཁང་པ་དེ་ཡུལ་དེ་གར་མངོན་གསལ་དོད་པོ་ཡོད་པ་དང་། ཁོ་མོར་ད་དུང་སྡོད་ཁང་གི་ཁ་གསབ་དངུལ་སྒོར་ཁྲི་12རག་གྲབས་ཡོད་ཅིང་། ཚེ་གཡང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན“ང་ཚོ་ནང་མི་ཚང་མ་གཞི་ནས་བདེ་འཇགས་ལྡན་ལ་སྐྱིད་སྣང་དོད་པའི་ཁང་པ་གསར་པར་སྡོད་རྒྱུ་བྱུང”ཞེས་བརྗོད།

    ཚེ་གཡང་གི་ཁྱིམ་ཚང་ནི་གྲོང་ཚོའི་ནང་གི་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་དུད་ཚང་ཡིན་ཞིང་། ཁྱིམ་ཚང་གི་ཡོང་འབབ་ཡོངས་ཁུངས་གཙོ་བོ་ནི་རང་ཉིད་གྲོང་ཚོའི་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ཞུགས་པ་དང་སྐབས་འགར་ཉིན་གླ་རྒྱུག་པར་བརྟེན་དགོས་པས་འཚོ་བ་དེ་ཙམ་ཡག་པོ་མེད། སྔོན་ཆད་སྡོད་སའི་ས་ཕག་ཁང་པ་རྙིང་པ་དེ་ལོ་མང་ཞིག་གསོ་བྱས་མེད་པ་དང་། ད་དུང་ཡོང་འབབ་མང་པོ་མེད་པས་ཁང་པ་ཞིག་གསོ་བྱེད་རྒྱུ་ནི་ཉིན་མོའི་རྨི་ལམ་ལྟ་བུ་རེད། ད་ཆ་སྲིད་ཇུས་ཀྱི་རོགས་སྐྱོར་འོག་ཡོམ་འགོག་ཐུབ་པའི་ཁང་པ་གསར་པ་བསྐྲུན་པས་ཁྱིམ་ཚང་གཅིག་གི་ནང་མིའི་བདེ་སྡོད་ཕུགས་འདུན་མངོན་འགྱུར་བྱུང་ཡོད་ལ། ཁོང་ཚོའི་འབྱུང་འགྱུར་གྱི་འཚོ་བར་རེ་བ་གསར་པ་དེ་བས་སྦྱིན་ཡོད།

    མིག་སྔའི་བར་ཐ་སྐྱོང་རོགས་སྐྱོར་བྱས་པ་བརྒྱུད་རྫོང་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ཞན་པའི་ལས་གནས་སུ་ཁྱོན་མི་455བཀོད་སྒྲིག་བྱས་པ་དང་། དེའི་ནང་དབུལ་སྒྲོལ་མི་འབོར་དང་དབུལ་ལོག་སྔོན་འགོག་ལྟ་ཞིབ་དུད་ཚང་གི་མི་209བཀོད་སྒྲིག་བྱས་ཡོད། ལས་གནས་འདི་དག་གིས་ངལ་རྩོལ་ནུས་ཤུགས་ཞན་པའི་ཚོགས་སྤྱིའི་ལས་ཞུགས་ཀྱི་ནུས་པར་བསམ་གཞིག་བྱས་ཡོད་ལ། ད་དུང་ཁོང་ཚོའི་ཁྱིམ་ཚང་ལའང་ལྟ་རྟོག་ཐུབ་པས“མི་གཅིག་ལ་ལས་གནས་བཀོད་སྒྲིག་བྱས་ནས། ཁྱིམ་ཚང་གཅིག་ལ་དྲོ་སྐྱིད་སྦྱིན་པའི”ཕན་འབྲས་དངོས་ཐོན་ཡོད་པ་རེད།

    ཐ་སྐྱོང་དྲ་བ་བརྟན་དུ་བཏང་བ་དང་དུས་མཚུངས་དཔལ་ཡུལ་རྫོང་གིས“ཁག་གཅིག་རེ་བདུན”གྱི་ཞིང་པའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བའི་བྱ་ཐབས་དུས་མཉམ་དུ་ལག་བསྟར་བྱས་ཏེ། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་རོགས་སྐྱོར་གཏིང་ཟབ་བྱེད་པ། ལས་གྲྭ་འཛུགས་སྐྲུན་ལ་ཞུགས་པར་སྐུལ་ལྕག་བྱེད་པ། འཚོ་རྟེན་ལས་སྤྲོད་ཁྱབ་གདལ་གཏོང་བ། ཁེ་ལས་ཀྱི་ལས་བསྡུ་སྒྲིག་འཛུགས་བྱེད་པ། རྩལ་ནུས་གསོ་སྦྱོང་བྱེད་པ། ཐུན་མོང་ཕྱུག་འགྱུར་བཟོ་ཁང་སྐྲུན་པ་སོགས་ཀྱི་བྱ་ཐབས་མང་པོ་སྤྱད་དེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བར་སྒུལ་ཤུགས་རྒྱུན་མཐུད་བསྣན་ཏེ། ཡོང་འབབ་འཕར་སྣོན་ཡོང་བའི་བྱ་ཐབས་དེ“གཞན་བརྟེན”ནས“རང་བརྟེན”གྱི་ཕྱོགས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།