ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དུས་རབས་གསར་པའི་ཉེས་དོན་འདྲི་གཅོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་13ཉིན། གསར་འགོད་པར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འཚོགས་པའི་རྒྱལ་ཡོངས་ཀྱི་ཉེས་དོན་འདྲི་གཅོད་ལས་དོན་ཚོགས་འདུ་ཐེངས་བརྒྱད་པ་ནས་ཤེས་རྟོགས་བྱུང་བར། མི་དམངས་ཁྲིམས་ཁང་གིས་དུས་རབས་གསར་པའི་ཉེས་དོན་འདྲི་གཅོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཀྱི་བྱས་རྗེས་ངོ་མཚར་ཅན་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་ཆེད། ཁྲིམས་འཛིན་ཞབས་ཞུའི་འགན་སྲུང་ནུས་ལྡན་བྱ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། མི་དམངས་ཁྲིམས་ཁང་གིས་ཉེས་དོན་འདྲི་གཅོད་ལས་དོན་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས། གུ་ཡངས་དང་དམ་ནན་ཟུང་དུ་འབྲེལ་བའི་ཉེས་དོན་སྲིད་ཇུས་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ལག་ལེན་བསྟར་བ་དང་ཉེས་དོན་གྱོད་གཞི་སྣ་ཚོགས་ཁྲིམས་ལྟར་དྲང་གཞག་ཞིབ་གཅོད་བྱས་པས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་དང་འགན་སྲུང་། མི་དམངས་ཀྱི་འཚོ་བའི་བདེ་འཇགས་ནན་སྲུང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཛིན་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་སོགས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཉེས་དོན་ཉེས་གསོག་ཚབས་ཆེན་ལ་ཉེས་ཆད་དྲག་པོ་གཅོད་པ་དང་། ཐོན་མང་བའི་ཉེས་གསོག་རིགས་གསར་པར་ཁྲིམས་ལྟར་ཉེས་ཆད་གཅོད་པ། རྒན་འཁོགས་དང་ཉམས་ཞན་མི་ཚོགས་ལ་ཁ་བསླུས་རྒྱག་པ་དང་། ཞིང་པར་གྱོང་སྟེར་བ་དང་གནོད་འཚེ་གཏོང་བ། དུག་ལྡན་དང་གནོད་ལྡན་གྱི་བཟའ་བཅའ་དང་སྨན་རྫུན་མ་དང་སྨན་རྫས་སྤུས་ཞན་བཟོ་བ་དང་འཚོང་བ་སོགས་སྤྱི་ཚོགས་ལ་གནོད་འཚེ་ཆེ་རིགས་ལ་ཁྲིམས་ལྟར་ཆད་གཅོད་བཅས་བྱས་ནས། ཉེས་འགན་ཆད་གསུམ་འཚམ་མཐུན་ཡོང་བར་བྱ་རྒྱུ་རེད། སྤྱི་དམངས་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་བཙན་གནོད་དང“དྲ་རྒྱའི་ཆུ་དམག”དང་འབྲེལ་བ་ཡོད་པ་སོགས་ཁྲིམས་འགལ་གྱི་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས། ཁྲིམས་ལྟར་དྲ་རྒྱ་སྤྱོད་པ་དང་ཡ་རབས་ངང་དྲ་རྒྱ་སྤྱོད་པར་སྐུལ་འདེད་གཏོང་རྒྱུ་རེད།
དེ་དང་ཆབས་ཅིག མི་དམངས་ཁྲིམས་ཁང་གིས་དོན་དངོས་ཀྱི་དཔང་རྟགས་འགག་སྒོ་ནན་པོ་བསྲུངས་ཏེ། དཔང་རྟགས་ལ་གཞིགས་ནས་ཁྲིམས་གཅོད་དང་དོགས་ཉེས་རྩིས་མེད་དུ་འཛིན་པ་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞིང་། ལས་རིམ་འཐུས་སྤྱོད་ཀྱི་འགག་སྒོ་ནན་པོ་བསྲུངས་ནས། ཁྲིམས་སའི་སྔོན་གྱི་ཚོགས་འདུའི་ནུས་པ་བཏོན་ཏེ་ཁྲིམས་སའི་འདྲི་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།