གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་འབྲེལ་བ་ཁྲིམས་སྐྱོང་ཅན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ།
ཁྲིམས་སྐྱོང་དང་དྲང་གཞག་དྲང་བདེན་ལག་བསྟར་གྱི་འབྱུང་འགྱུར་མཉམ་དུ་གཏོད་བཞིན་པ།
མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80ཡི་ཚུན་དུ་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྒྲོམ་གཞི་བཙུགས་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་བདག་དབང་རང་བཙན་བརྩོན་ལེན་དང་ཚོགས་སྤྱིའི་རང་བཞིན་གྱི་དར་རྒྱས་ཡོང་བར་མཐུན་རྐྱེན་བསྐྲུན་ཡོད་པ་མ་ཟད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ཀྱང་རྒྱལ་སྤྱིའི་བཅའ་ཁྲིམས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཐེངས་འདིར་རྒྱལ་སྤྱིའི་བཅའ་ཁྲིམས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་5ཆེད་མངགས་གདན་དྲངས་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་ལེགས་སྐྱེས་འབུལ་བ་དང་དེ་བཞིན་རྒྱལ་སྤྱིའི་ཁྲིམས་སྐྱོང་འཐུས་སྒོ་ཚང་དུ་ཇི་ལྟར་གཏོང་བར་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་ལ་གྲོས་བསྡུར་བྱས་ཡོད།
ཀྲེང་རུའོ་ཧྭ(རྒྱལ་སྤྱིའི་འདུམ་འགྲིག་ཁང་གི་དྲུང་ཆེ་དང་ཨེ་ཤེ་ཡའི་རྒྱལ་སྤྱིའི་བཅའ་ཁྲིམས་ཞིབ་འཇུག་ཁང་གི་མཉམ་འབྲེལ་ཀྲུའུ་ཞི)
ལིའུ་ཧྭ་ཝུན(ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རྒྱལ་སྤྱིའི་བཅའ་ཁྲིམས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང)
ཨོ་ལི་ཝེ་ཡེ་ལུའོ·ཏི་ལི་པེ་ཐུའོ(དབྱི་ཐ་ལི་རོ་མ་སློབ་ཆེན་ཁྲིམས་ལུགས་རིག་པའི་སློབ་གླིང་གི་ཡོན་ཀྲང)
སི་ཧྥུའུ་ལན(ཨ་ཀེན་ཐིན་ལཱ་ཕུའུ་ལཱ་ཐ་རྒྱལ་བཙུགས་སློབ་ཆེན་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན)
ཨན་ཏེ་ལེ·ཐུའོ་མཱ་སི་ཧའོ་སེན(ལྷོ་ཨ་ཧྥེ་རི་ཁའི་སློབ་ཆེན་གྱི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་མཚན་སྙན་དགེ་རྒན་ཆེ་མོ་བ་དང་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན)
ཀྲེང་རུའོ་ཧྭ་ཡིས་བརྗོད་དོན། འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་རྗེས། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པ་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་གྱིས་འཛམ་གླིང་སྤྱི་ཡོངས་ཞི་བདེ་རྒྱུན་འཁྱོངས་དང་འཕེལ་རྒྱས་ཡོང་བར་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད། རྒྱལ་སྤྱིའི་བཅའ་ཁྲིམས་མ་ལག་དེ་རྒྱལ་ཁབ་ཉུང་ཤས་ཀྱིས་གཙོ་ཁྲིད་བྱེད་པ་ནས་སྣ་མང་མཉམ་བཅོས་བར་ལ་འཕོ་འགྱུར་གཏིང་ཟབ་བྱུང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱང་སྒྲིག་སྲོལ་གྱི་གཞན་དབང་གྱི་དང་ལེན་བྱེད་མཁན་ནས་རིམ་བཞིན་སྒྲིག་སྲོལ་མཉམ་དུ་བཟོ་མཁན་ལ་གྱུར་ཡོད།
1955ལོར་ཧིན་རྡུ་ཉི་ཞི་ཡར་འཚོགས་པའི་དབན་ལུང་གྲོས་ཚོགས་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་རེ་འདུན་མཚོན་པའི་རྩ་དོན་ཁག་བཅུ་ལ་གྲོས་འཆམ་བྱུང་ཡོད། ཚོགས་འདུ་གྲོལ་རྗེས། ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་བཅའ་ཁྲིམས་གྲོས་མོལ་རྩ་འཛུགས་བཙུགས་ནས་རྒྱལ་སྤྱིའི་བཅའ་ཁྲིམས་མ་ལག་འཛུགས་སྐྱོང་དང་རྒྱལ་སྤྱིའི་སྒྲིག་སྲོལ་བཟོ་བའི་ནང་ཧུར་ཐག་ཞུགས་པས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚོགས་སྤྱིའི་རང་བཞིན་གྱི་དར་རྒྱས་འགྲོ་བའི་གོམ་སྟབས་གལ་ཆེན་ཞིག་རེད། དེའི་རྗེས་རྒྱལ་ཁབ་77གྱི་ཚོགས་པ་དང་། མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་སོགས་ཕྱོགས་མང་མཉམ་ལས་སྒྲོམ་གཞིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཁྲིམས་འཛུགས་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།
ལིའུ་ཧྭ་ཝུན་གྱིས་བརྗོད་དོན། ཀྲུང་གོ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་ད་ཡོད་ཀྱི་རྩོད་གཞི་ཐག་གཅོད་བྱེད་པའི་ཐབས་ལམ་ཕུན་སུམ་ཚོགས་སུ་བཏང་ཡོད། དྲ་རྒྱའི་བར་མཐོངས་དང་། ཕྱི་རིམ་བར་མཐོངས། མི་ཐབས་རིག་ནུས། མཚོ་འཇིང་གླིང་སྣེ་སོགས་ཀྱི་ཐད་ཀྲུང་གོ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་གཞན་དག་གིས་ལག་རྩལ་ཞིབ་འཇུག་དང་། འཕེལ་རྒྱས། ལག་ལེན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་གསར་དར་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་བཟོ་བའི་ནང་ཧུར་ཐག་ཞུགས་དགོས། ཀྲུང་གོས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་གཞན་དག་དང་མཉམ་དུ་རྒྱལ་སྤྱིའི་བཅའ་ཁྲིམས་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་རིག་གཞུང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་དང་སྐད་ཆ་ཤོད་དབང་ཐད་ནུབ་ཕྱོགས་ཀྱི་ཡུན་རིང་སྒེར་སྡེམ་མེད་པར་བཟོས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་དང་འཕེལ་རྒྱས་ལག་ལེན་ཁྲོད་བློ་གྲོས་བསྡུ་ལེན་བྱས་ཐོག རང་ངོས་ཀྱི་ལངས་ཕྱོགས་དང་རིན་ཐང་ལྟ་བ་མཚོན་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་སྐད་ཆ་ཤོད་དབང་ཆ་ཚང་ཞིག་བཙུགས་ནས“འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་བཅའ་ཁྲིམས”ཀྱི་འདུ་ཤེས་དང་མ་ལག་སྔར་བས་གཏོད་པར་སྐུལ་འདེད་གཏོང་དགོས།
ཨོ་ལི་ཝེ་ཡེ་ལུའོ·ཏི་ལི་པེ་ཐུའོ་ཡིས་བརྗོད་དོན། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་ངོས་སུ་ཀྲུང་གོ་ཞུགས་པ་དང་སྣེ་ཁྲིད་པའི་རྒྱལ་སྤྱིའི་རྩ་འཛུགས་དང་མཉམ་ལས་ལམ་སྲོལ་གསར་པ་རབ་དང་རིམ་པ་དུས་ཐོག་ཏུ་ཐོན་པ་དཔེར་ན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་སོགས་རེད། དེ་དག་གིས་གོ་ལ་ཧྲིལ་པོའི་སྟོབས་ཤུགས་སླར་ཡང་དོ་སྙོམས་ཡོང་རེ་བྱེད་པ་དང་རྒྱལ་སྤྱིའི་སྒྲིག་སྲོལ་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཡོངས་ཁྱབ་ཀྱི་རེ་འདུན་དང་ཐུན་མོང་གི་ཁེ་ཕན་དེ་བས་ལེགས་པའི་སྒོ་ནས་མཚོན་པར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་སོགས་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་མཁོ་འདོན་བྱས་ནས། འབྲེལ་ཡོད་རྒྱལ་ཁབ་ཀྱི་རྒྱལ་སྒྲོལ་ལྕགས་ལམ་དང་། གཞུང་ལམ། གྲུ་ཁ། ནུས་རྒྱུའི་མདོང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་བྱས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་བཏོན་པའི“འཕེལ་རྒྱས་ཀྱི་དབང་ཆའི”གོ་དོན་དང་མཐུན་པར་བྱས་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བའི་གྲོས་ཆོད་ལ་གྲོས་འཆམ་བྱེད་པར་སྐུལ་འདེད་བཏང་ཞིང་། རྒྱལ་ཁབ་ཁག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི《འཕེལ་རྒྱས་ཀྱི་དབང་ཆའི་བསྒྲགས་གཏམ》ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་འཛུགས་པ། འཕེལ་རྒྱས་ཀྱི་འགོག་རྐྱེན་སེལ་བ་བཅས་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འཕེལ་རྒྱས་དེ་བས་ཡག་པོ་ཡོང་བར་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།
སི་ཧྥུའུ་ལན་གྱིས་བརྗོད་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་འོག་ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་གྲོས་འགོ་དང་གྲོས་ཆོད་རབ་དང་རིམ་པ་བཏོན་པ་དང་འབྲེལ་སྐུལ་འདེད་ཀྱང་བཏང་བ་མ་ཟད། རྒྱལ་སྤྱིའི་བཅའ་ཁྲིམས་མ་ལག་གསར་གཏོད་ཀྱི་འགན་འཁྲི་ཧུར་ཐག་འཁུར་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སུ“འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་དགོས་པའི”གྲོས་ཆོད་བཏོན་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་ཞིང་། དགེ་མཚན་ལྡན་པའི་གླེང་མོལ་བྱས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐག་གཅོད་བྱ་རྒྱུའི་འདོད་ཚུལ་འཛིན་པ་དེ། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་དྲང་གཞག་དང་བསྟུན་མཁས་ཀྱི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་འཛིན་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རེ་སྒུག་དང་མཐུན་ཡོད། ཀྲུང་གོས་གྲོས་ཆོད་དེ་རིགས་ལ་གྲོས་འཆམ་བྱེད་པར་སྐུལ་འདེད་གཏོང་བའི་དམིགས་ཡུལ་ནི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་ཆེ་རུ་བཏང་ནས། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་རེད། ཀྲུང་གོས་ད་དུང་བཅའ་ཁྲིམས་རོགས་སྐྱོར་དང་བཅའ་ཁྲིམས་ཤེས་ལྡན་པ་གསོ་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གིས་ནུས་པ་ཆེ་རུ་གཏོང་བར་རོགས་རམ་བྱས་ཏེ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཡོད།
ཨན་ཏེ་ལེ·ཐུའོ་མཱ་སི་ཧའོ་སེན་གྱིས་བརྗོད་དོན། གོ་ལ་ཧྲིལ་པོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ངོས་ནས་ཀྲུང་གོས་རྒྱལ་སྤྱིའི་བཅའ་ཁྲིམས་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་བཟོ་བ་དང་འགྲེལ་བཤད་རྒྱག་པའི་ལས་དོན་ནང་ཧུར་ཐག་ཞུགས་ནས། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཐུན་སྒྲིལ་བྱས་པ་བརྒྱུད་དྲང་གཞག་དང་། བསྟུན་མཁས། རྒྱུན་མཐུད་ཆོག་པ་བཅས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་མ་ལག་ཐུན་མོང་ཐོག་གཏོད་ཆེད་འབད་བརྩོན་བྱེད་ལུགས་མཚོན་པར་བྱས་ཡོད། ཀྲུང་གོས་བཏོན་པའི་འདུ་ཤེས་གསར་པ་དང་། འདོད་ཚུལ་གསར་པ། གྲོས་འགོ་གསར་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དར་སྤེལ་གཏོང་བའི་ཕྱོགས་མང་རིང་ལུགས་སོགས་ཀྱི་རྩ་དོན་ཧ་ཅང་མཐུན་པ་དང་། “མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད”དང“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ”སོགས་ཀྱི་འདུ་ཤེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡིག་ཆའི་ནང་ཐེངས་མང་བཀོད་ཅིང་། རྒྱལ་ཁབ་ཁག་གིས་དང་ལེན་ཧུར་ཐག་བྱས་ཏེ་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་དུ་གྱུར་དང་འགྱུར་མོས་ཡིན། 《མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》དང《ཕ་རི་སིའི་གྲོས་ཆོད》ཀྱི་ཆིངས་ཡིག་འཇོག་མཁན་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཀྲུང་གོས་ཐུན་མོང་དང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་མཐའ་འཁྱོངས་བྱས་ནས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་དང་། མ་རྩ། ལག་རྩལ་བཅས་ཀྱི་འོས་འགན་འཁུར་ཏེ་གོ་ལ་ཧྲིལ་པོའི་གནམ་གཤིས་བཅའ་ཁྲིམས་མ་ལག་ལ་འགན་ལེན་བྱེད་པ་དང་ཆབས་ཅིག འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དབུལ་སྒྲོལ་གྱི་དགོས་མཁོ་གཉིས་ཀར་ལྟ་རྟོག་བྱེད་དགོས་པའི་ངོས་འཛིན་བྱས་ཡོད།
སི་ཧྥུའུ་ལན་གྱིས་བརྗོད་དོན། ཀྲུང་གོ་ཞུགས་པའི་ཕྱོགས་མང་མཉམ་ལས་ལམ་སྲོལ་མང་པོས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་བར་སྒྲོམ་གཞི་ནུས་ལྡན་མཁོ་འདོན་བྱས་ཡོད། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཐེན་ཅིན་བསྒྲགས་གཏམ》ནང་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་དོ་དམ་སྡེ་ཚན་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་བཤད་བྱེད་དབང་ཆེ་རུ་གཏོང་དགོས་ལུགས་གསལ་པོར་བཏོན་ཡོད། 《ཁུལ་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་ཆོད་དོན》དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་གླེང་སྟེགས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སོགས་ཕྱོགས་མང་མཉམ་ལས་ལམ་སྲོལ་བཅས་ཚང་མས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རེ་འདུན་ཚང་མ་འཕེལ་རྒྱས་ཀྱི་འབྱུང་རིམ་ནང་བཅུག་སྟེ། རྒྱལ་སྤྱིའི་བཅའ་ཁྲིམས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་དང་ཆབས་ཅིག བདག་དབང་འདྲ་མཉམ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གཏམ་བཤད་བྱེད་དབང་ཆེ་རུ་གཏོང་རྒྱུ་གཙོ་བོར་བཟུང་སྟེ། སྔར་བས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་དཔེ་སྟོན་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།