སྡེ་ཁུལ་མཛེས་མཐུན་ཁྱིམ་ཚང་གཅིག་ལྟར་བརྩེ།
གཞིས་ཀ་རྩེ་བསམ་གྲུབ་རྩེ་ཆུས་བདེ་ལེགས་སྡེ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“དབྱངས་རྟ་དྲུག”ལེགས་པར་དཀྲོལ་བ།
“ནང་བཀྲ་ཤིས་ན་ཕྱི་དོན་གྲུབ། མཐུན་སྒྲིལ་བྱས་ནས་སེམས་པ་མཐུན། མི་རིགས་མང་པོའི་འདུས་སྡོད་སྡེ་ཁུལ་ཞིག་ཡིན་པའི་བདེ་ལེགས་སྡེ་ཁུལ་གྱི་ཁྱིམ་མཚེས་དབར་གཅིག་རོགས་གཅིག་གིས་མཛའ་ཞིང་མཐུན་པ་དང་། ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་བདེ་ལེགས་སྡེ་ཁུལ་གྱི་སྤྱི་ཁྱབ་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་ཕུན་ཚོགས་ཀྱིས། ཉེ་བའི་ལོ་ཤས་རིང་བདེ་ལེགས་སྡེ་ཁུལ་གྱིས“ཐོག་མའི་བསམ་འདུན་ལེགས་པར་བསྲུངས་ཏེ། ལག་ལེན་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྒྲིལ”གྱི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱེད་པའི“འབད་འབུངས་ཀྱི་དབྱངས་རྟ”དང་། དུས་བདེ་འཆམ་མཐུན་གྱི“སྲུང་སྐྱོང་གི་དབྱངས་རྟ”ཕན་ཚུན་མཉམ་འདྲེས་ཀྱི“མཉམ་སྒྲོག་གི་དབྱངས་རྟ” སེམས་མཐུན་མཉམ་གཏོད་ཀྱི“བརྗོད་དོན་གཙོ་བོའི་དབྱངས་རྟ” སེམས་ཁྲལ་དང་དཀའ་ངལ་སེལ་བའི“ཞབས་ཞུའི་དབྱངས་རྟ” ཐུན་མོང་འབྱོར་ཕྱུག་གི“བདེ་སྐྱིད་ཀྱི་དབྱངས་རྟ”བཅས་ཡག་པོ་དཀྲོལ་ཏེ། མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ། སྡེ་ཁུལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད་ཅེས་བཤད།
རྨང་བརྟན་བླ་སྲོག་བཏོད། མཉམ་ཤུགས་གཅིག་ཏུ་བསྒྲིལ།
བདེ་ལེགས་སྡེ་ཁུལ་གྱིས་ཏང་གི་འགོ་ཁྲིད་གཞི་རིམ་བཅོས་སྐྱོང་ལ་དམ་འཛིན་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཡོངས་ལ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ། “ཏང་འཛུགས་སྐྱོང་དང་། གཞི་རིམ་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ་བཅས་ཟུང་དུ་འབྲེལ་བའི”བྱེད་ཐབས་བཏོད་ནས་བསམ་བློར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་སྐྲུན་གྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། དྲིལ་བསྒྲགས་སློབ་གསོར་མཐོང་ཆེན་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་དུས་རྒྱུན་གྱི་འཚོ་བ་དང་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་ཡོད།
ཇོ་མོ་གླང་མའི་སྣེ་ཁྲིད་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཁྲིད་སྟོན་དུ་བྱས་ནས་སྡེ་ཁུལ་གྱི་ཏང་ཨུད་ཆེན་པོ་བཙུགས་ཏེ། ཁོངས་གཏོགས་ཁུལ་གྱི་ཕྱོགས་ཁག་གི་སྟོབས་ཤུགས་ཐུན་མོང་ཐོག་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ནང་ཞུགས་རྒྱུར་སྐུལ་འདེད་བཏང་བ་དང་།“ཏང་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཟུང་འབྲེལ”གྱི་མཉམ་སྐྲུན་བྱེད་སྒོ་ཧུར་ཐག་སྤེལ་ནས་སྣ་མང་གི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།
རིགས་པའི་གཞུང་ལུགས་སློབ་སྦྱོང་རྒྱུན་རྣམ་ཅན་ཡོང་བར་མཐའ་འཁྱོངས་བྱས་ཤིང་། 2024ལོ་ནས་བཟུང་མི་རིགས་མཐུན་སྒྲིལ་སློབ་སྦྱོང་བྱེད་སྒོ་ཐེངས་87སྒྲིག་འཛུགས་ཞིབ་ཚགས་བྱས་པར་མི་ཐེངས་4500ལྷག་ཙམ་ཞུགས་པ་དང་། ཏང་ཡོན་དང་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུའི་ཁྲིད་སྟོན་བྱས་ཡོད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་སྒྲིག་འཛུགས་ཐེངས་200ལྷག་ཙམ་བྱས་པ་དང་ཁྱབ་གདལ་བྱུང་ཚད་100%ཟིན་ཡོད།
ཏང་དམངས་ཞབས་ཞུ་ལྟེ་གནས་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སོགས་སྤྱད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་སྡེ་ཁུལ་གྱི་གྲོང་མིའི་ཉེ་འགྲམ་གྱི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་གསོན་ཉམས་དོད་པོས་བརྗོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“སྐད་སྒྲ”མི་སེམས་སུ་ཟུག་པར་བྱས་ཡོད།
སེ་འབྲུའི་མེ་ཏོག་བཞད། བརྩེ་བ་དེ་བས་ཟབ།
ད་ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་། བདེ་ལེགས་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས་མཉམ་འགུལ་ལེ་ཚན་བཀོད་སྒྲིག་ཞིབ་ཚགས་བྱས་ནས་སྲོལ་རྒྱུན་གྱི་དམངས་སྲོལ་དང་དེང་རབས་ཀྱི་རོལ་རྩེད་མཉམ་བསྲེས་ཡག་པོ་བྱས་པར། ཡུལ་མི་ཚོ་སྤྲོ་སེམས་ཆེན་པོས་ཧུར་ཐག་ཞུགས་ཡོད།
“བྱེད་སྒོ་སྤེལ་བ་ལས་ངས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་འབྱུང་ཁུངས་དང་། ཤོད་རྒྱུན། གོམས་སྲོལ་སོགས་ཀྱི་ཤེས་བྱ་གཏིང་ཟབ་བྱུང་ལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དངོས་སུ་ཚོར་བ་དང་ཆབས་ཅིག མི་རིགས་ཀྱི་སྤོབས་སེམས་ཀྱང་ངང་གིས་སྐྱེས་བྱུང”ཞེས་སྡེ་ཁུལ་གྱི་གྲོང་མི་ཟླ་བས“སྔོན་མ་དང་བསྡུར་ན་ད་ཆ་དུས་ཆེན་གྱི་བྱེད་སྒོ་སྔར་ལས་ཕུན་སུམ་ཚོགས་པ་དང་མཉམ་འགུལ་ཡང་ཧུར་ཐག་བྱེད་ཀྱི་ཡོད་པས། མི་རིགས་ཁག་གི་སྤུན་ཟླ་ཚང་མ་དེའི་ནང་ཞུགས་པ་དང་། སྤྲོ་བ་ཉམས་སུ་མྱོང་བ། འབྲེལ་ཡོད་ནང་དོན་སློབ་སྦྱོང་བྱེད་ཀྱི་ཡོད”ཅེས་གསར་འགོད་པར་བརྗོད།
“མཉམ་སྤྲོའི”རྣམ་པར་བརྟེན་ནས་འཕེལ་རྒྱས་ཀྱི་སྙིང་སྟོབས་ཀྱི་རྒྱུན་བསྐྱངས་པ། “ངེད་ཚོའི་དུས་ཆེན”དང་། “ཏང་སེམས་དམངས་སེམས་དང་འབྲེལ་བ•གྲོང་མི་ཚང་མ་ཁྱིམ་ཚང་གཅིག་ལྟར་བརྩེ”“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ•སྤྲོ་སྣང་ལུས་རྩལ་འགྲན་ཚོགས”སོགས་རོལ་རྩེད་བྱེད་སྒོ་ཇུས་འགོད་བྱས་ནས་གཉེར་ཏེ། མི་རིགས་ཁག་གི་མང་ཚོགས་དབར་གྱི་བརྩེ་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད། 2024ལོ་ཚུན། རིག་གནས་བྱེད་སྒོ་སྣ་ཚོགས་ཐེངས་40སྤེལ་བར་རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་13གྱི་མི་ཐེངས་4600ལྷག་ཞུགས་ཡོད་པ་དང་། འདི་ལོའི་ཟླ་བ་དང་པོར། སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཚོས་དིང་རིའི་ས་ཡོམ་གེགས་ཁུལ་ལ་སྒོར་ཁྲི་61རི་བའི་རོགས་སྐྱོབ་དངོས་ཟོག་ཞལ་འདེབས་བརྒྱབ་པ་དེའི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཕན་ཚུན་ལྟ་རེས་སྐྱོང་རེས་ཀྱི་བརྩེ་བ་ཟབ་མོ་མངོན་ཡོད་པ་རེད།
བྱ་བ་དངོས་ཏག་ཏིག་བསྒྲུབས། དམངས་འཚོ་འགན་ལེན་བྱས།
2024ལོ་ཚུན་དུ། སྡེ་ཁུལ་གྱིས་མང་ཚོགས་ཚོས་སེམས་ཁྲལ་བྱེད་པའི་བྱ་བ་དང་། སྒྲུབ་པར་དཀའ་བའི་བྱ་བ། བློ་མི་བདེ་བའི་བྱ་བ་བཅས་ལ་དམ་པོར་དམིགས་ནས་ཕིང་ཨན་ཁ་ལོ་བའི་སློབ་གྲྭའི་ནུབ་ངོས་ཀྱི་ས་ཆ་སྟོང་པ་དང་སྲང་ལམ་ཁག་ཅིག་ཏུ་རླངས་འཁོར་འཇོག་ས་320ཚན་རིག་དང་མཐུན་པར་བཟོས་ཐོག ཆེད་མི་བཀོད་སྒྲིག་བྱས་ནས་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། རླངས་འཁོར་འཇོག་ས་མང་དུ་གཏོང་ཅི་ཐུབ་བྱས་པ་དང་། གཉེར་སྐྱོང་ཁེ་ལས་ཆེ་གྲས་གསུམ་ཁ་གཏད་སྦྲེལ་མཐུད་ཧུར་ཐག་བྱས་ནས“བར་སྣང་སྡོམ་དྲའི”སྐུད་ལམ་གྲལ་བཤེར་ཆེ་མོ་དང་དག་ཐེར་ཆེ་མོ་བྱས་པ། ཆར་ཆུ་དང་བཙོག་ཆུ་ལོགས་འབུད་དང་། སྲང་ལམ་སྒྱུར་བཀོད། ཁུལ་ཆུང་རྙིང་པ་སྒྱུར་བཀོད་སོགས་དམངས་སེམས་ལས་གྲྭ་དང་སྲང་ལམ་7ལ་མིང་འདོགས་ལས་དོན་ལེགས་སྒྲུབ་བཅས་བྱས་པས་གྲོང་མིའི་སྐྱིད་སྣང་དང་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།
“ལོ་འདི་དག་རིང་། སྡེ་ཁུལ་གྱི་ཁོར་ཡུག་སྔར་བས་བདེ་འཇགས་ལྡན་ལ་སྐྱིད་སྣང་དོད་དུ་ཕྱིན་པ་མ་ཟད། ད་དུང་འཚོ་བའི་ཆ་རྐྱེན་ཡང་ཇེ་ལེགས་ནས་ཇེ་ལེགས་རེད”ཅེས་ཉི་མ་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་ཤིང་། མིག་སྔར། སྡེ་ཁུལ་གྱི་དུད་ཚང་1500ལྷག་གི་ཁྲོད་ལག་ཤེས་བཟོ་ཁང་དང་ཁང་པ་བོགས་གཏོང་སོགས་བརྒྱུད་དེ་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་མཁན་གྱིས་70%ཡན་བཟུང་ཡོད། གླིང་གའི་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་ཐོག་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་བདེ་འགྲམ་གླིང་གའི་གུར་10ལྷག་ནས་90ལྷག་བར་མང་དུ་བཏང་བས་ལོའི་ཡོང་འབབ་ཀྱང་སྟོང་ཕྲག་ཁ་ཤས་ནས་ཁྲི་36བར་མང་དུ་འཕར་ཏེ། སྡེ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཚད་བརྒལ་གསར་པ་དང་སྒུལ་ནུས་གསར་པ་ཐོན་ཡོད། 2024ལོར། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་403.37ཟིན་ནས་མི་རེར་ཁེ་སྤོགས་སྒོར་6591རེ་བགོ་བཤའ་བརྒྱབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།