དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་ལམ་ཟུར་སྤྱི་གླིང་འཛུགས་སྐྲུན་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་སྐྱིད་སྣང་ཆེ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-16

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མགྲོན་བསུའི་ལམ་ཆེན་དུ་གནས་པའི“རྣམ་པར་བཀྲ་བའི་མོན་ལྷོ”སྤྱི་གླིང་གི་ཟུར་ཞིག

    མི་རིང་བའི་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་དུ་ལམ་ཟུར་སྤྱི་གླིང་མང་པོ་ཞིག་བསྐྲུན་ནས་མང་ཚོགས་སྤྲོ་འཆམ་རོལ་རྩེད་ལ་འགྲོ་ས་ཡག་པོ་ཞིག་ཏུ་གྱུར་ཡོད། སྤྱི་གླིང་དེ་དག་མཛེས་སྡུག་རྣམ་པར་བཀྲ་བ་དང་སྔོ་ལྗང་གོས་ཀྱིས་བཀླུབས་ཏེ་གྲོང་ཁྱེར་གྱི་བཀྲག་མདངས་འཚེར་བའི་ཡུལ་ལྗོངས་ཤིག་ཏུ་གྱུར་བ་མ་ཟད། གྲོང་ཁྱེར་གྱི་སྤུས་ཚད་ཀྱང་ལེགས་སུ་སོང་ནས་གྲོང་མིའི་སྐྱིད་སྣང་ཆེ་རུ་སོང་ཡོད།

    གསར་འགོད་པ་གཞོན་ནུའི་སྤྱི་ཤག་གི་ཁ་སྤྲོད་དུ་ཡོད་པའི་བི་ཤུ་ཀོང་གླིང་ལམ་ཟུར་སྤྱི་གླིང་དུ་སྐྱོད་སྐབས། རིང་ཐུང་མི་གཅིག་ཀྱང་གྲལ་བསྟར་འགྲིག་པའི་སྐྱེ་དངོས་རྣམས་རླུང་བུ་དང་བསྟུན་ནས་གཡོ་བ་དང་། ཚོན་ལྡན་རྡོ་གཅལ་གསར་རྐྱང་བཏིང་བའི་སྒང་གི་རྐུབ་སྟེགས་རིང་པོའི་སྟེང་དུ་རྒན་རྒོན་གཉིས་གསུམ་ཙམ་འཛོམས་ནས་སྤྲོ་སྣང་དོད་པས་ཅི་འཕྲོས་མོལ་འཕྲོས་ཤོད་པའི་རྣམ་པ་ལས་བག་ཕེབས་སྐྱིད་སྣང་དོད་པའི་སྟོན་གྱི་ཉམས་སྣང་མངོན།

    རྣམ་གྲངས་ཀྱི་འགན་འཁུར་བ་ལེང་ཡའོ་ཡིས“བི་ཤུ་ཀོང་གླིང་གི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་1860ཟིན་པ་དེ་ནི་སྔར་ཡོད་ཀྱི་སྤྱི་གླིང་ཆུང་ངུ་སྒྱུར་བཀོད་བྱས་ནས་ཆེ་རུ་བཏང་བ་ཞིག་རེད། རྐུབ་སྟེགས་དང་ལུས་སྦྱོང་སྒྲིག་ཆས་མང་དུ་བཏང་ནས་ལུས་སྦྱོང་ཁུལ་དང་། བྱིས་པའི་རོལ་རྩེད་ཁུལ། འཆམ་འཆམ་བྱ་ཡུལ་བཅས་བཟོས་ཡོད་པས་མི་ཚོགས་མི་འདྲ་བའི་དགོས་མཁོ་སྐོང་ཐུབ། དེ་དང་ཆབས་ཅིག་སྤྱི་གླིང་ནང་ད་དུང་རྩ་རྩི་ཤིང་དང་མེ་ཏོག་སྣ་ཚོགས་བཏབ་ནས་ལྗོངས་རྣམ་དེ་དག་ལ་རྒྱན་སྤྲས་ཏེ་ནམ་དུས་བཞིར་ཡུལ་ལྗོངས་མི་འདྲ་བ་ཡོད་པའི་ཁོར་ཡུག་ཅིག་བསྐྲུན་ཡོད”ཅེས་བཤད།

    ཉེ་འཁོར་དུ་སྡོད་མཁན་གྲོང་མི་ལྷ་མོ་རྣམ་ཀུན་ཕྲུ་གུ་སློབ་གྲྭར་བསྐྱལ་རྗེས་སྤྱི་གླིང་དུ་གཟུགས་པོར་སྦྱོང་བརྡར་བྱེད་པར་ཡོང་གི་ཡོད་ཅིང་། ཁོང་གིས“སྒྱུར་བཀོད་བྱས་རྗེས་སྤྱི་གླིང་གི་ཁོར་ཡུག་དེ་བས་ཡག་ཏུ་ཕྱིན་འདུག ལུས་སྦྱོང་སྒྲིག་ཆས་ཆ་ཚང་པོ་ཡོད་པས་སེམས་པའང་སྐྱིད་པོ་འདུག”ཅེས་བཤད།

    ཉིང་ཁྲི་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་རིམ་པ་གཉིས་པའི་ཀྲུའུ་རེན་ཁོའོ་ཡོན་ཚུལ་ཁྲིམས་རྣམ་རྒྱལ་གྱིས“‘བེད་མེད་དུ་ལུས་པའི་མཐའ་ཟུར’དག་བེད་སྤྱོད་དང་བར་སྟོང་གསར་པ་སྤྱད་པ་བརྒྱུད། གྲོང་ཁུལ་དུ་རྣམ་པ་དང་ཁྱད་ཆོས་མི་འདྲ་བའི་ལམ་ཟུར་སྤྱི་གླིང་15ཧུར་ཐག་བསྐྲུན་པར་རྒྱ་ཁྱོན་བསྡོམས་འབོར་སྨི་ངོས་གྲུ་43546ཟིན་ནས། སྤང་ལྗོངས་སྨི་ངོས་གྲུ་14661མང་དུ་ཕྱིན་པ་དང་། སྡོང་རིང་དང་སྡོང་ཐུང་ལྗོན་ཤིང་2472(མེ་ཏོག་དང་ལྗོན་ཤིང་རྐང་1821)འདེབས་པ། ལོ་ན་མི་འདྲ་བའི་མི་ཚོགས་ལ་སྣ་མང་ཕུན་སུམ་ཚོགས་པའི་གྲོང་ཁྱེར་གྱི་བར་མཐོངས་ཉམས་ལེན་ཐུབ་པ། གྲོང་ཁྱེར་གྱི་འགྲོ་ལམ་ལམ་རྒྱུད་ཀྱི་ས་ཁོངས་ཡོངས་ལ་ཁྱབ་པའི་སྤྱི་གླིང་གི་མ་ལག་སྐྲུན་པ་བཅས་བྱས་ནས། ལྗང་མདོག་བར་སྟོང་དེ་གྲོང་ཁྱེར་གྱི་འཚོ་བའི་ཕྱོགས་གང་ས་ཅི་ཐད་དང་མཉམ་འདྲེས་ཐུབ་པར་བྱས་ཡོད”ཅེས་བརྗོད་པ་རེད།

    དེས་མ་ཚད། ལམ་ཟུར་སྤྱི་གླིང་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱིས་ད་དུང་མི་སྐྱོད་འགྲོ་ལམ་སྨི་ངོས་གྲུ་24764ཉམས་གསོ་ཧུར་ཐག་བྱེད་པ་དང་། འཕྲུལ་འགུལ་མིན་པའི་འཁོར་ལམ་སྤྱི་ལེ་7.91སྐྲུན་པ། ལམ་བྱང་དང་རྐུབ་སྟེགས་སོགས་ཞིབ་ཆའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ།“ལྗང་མདོག་དང་། སྐྱེ་ཁམས། གནས་འཕྲོད”ཀྱི་གྲོང་ཁྱེར་གྱི་ཁྲོམ་ཁུལ་གཏོད་པ་བཅས་བྱས་ནས། གྲོང་ཁྱེར་གྱི་དྲོ་སྐྱིད་དང་ཤེས་དཔལ་གྱི་རང་མདངས་ཕན་ཚུན་གཅིག་ལ་གཅིག་རྒྱན་དུ་འགྱུར་བར་བྱས་པ་རེད།

    ཟླ་7པའི་ཟླ་མཇུག་བར། ཉིང་ཁྲི་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་མགྲོན་བསུའི་ལམ་ཆེན་དང་། ཀོང་ཀྲོའུ་ལམ་ཆེན། བརྒྱད་གཅིག་ཁྲོམ་གཞུང་བཅས་མ་ལམ་གཙོ་བོ་གསུམ་གྱི་རྒྱུད་དུ“རྣམ་པར་བཀྲ་བའི་མོན་ལྷོ”དང“མི་རིགས་ཀྱི་བབ་ཆགས”“མངོན་མིན་རིག་གནས་ཤུལ་བཞག་ཁྱམས་རིང”སོགས་ཀྱི་ལམ་ཟུར་སྤྱི་གླིང་10དང་དེ་བཞིན་ལམ་རྒྱུད་ཀྱི་སྔོ་འགྱུར་དང་མི་སྐྱོད་འགྲོ་ལམ་བཟོ་བའི་ལས་གྲྭ་སྐྲུན་མཇུག་འགྲིལ་བ་དང་འབྲེལ་སྤྱི་ཚོགས་ལ་སྒོ་ཕྱེ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།