གྲོང་པ་ཁྱིམ་མཚེས་དབར་གྱི་བསམ་ཤེས་ལས། གྲོང་ཚོའི་ལམ་བུ་བདེ་ཞིང་ཡངས་པོར་གྱུར།

འདི་ནི་ལྷ་རྩེ་རྫོང་གྲའུ་ཤང་སྣེ་བཞི་གྲོང་ཚོའི་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་བསྐྱར་སྐྲུན་རྗེས་ཀྱི་གྲོང་ཚོའི་ལམ་བུའི་ཞེང་ཚད་འཇལ་ནས་མང་ཚོགས་ཀྱི་སྒོ་རའི་རྒྱ་ཁྱོན་གཏན་འཁེལ་རགས་ཙམ་བྱེད་བཞིན་པ།

འདི་ནི་ལྷ་རྩེ་རྫོང་གྲའུ་ཤང་སྣེ་བཞི་གྲོང་ཚོའི་མང་ཚོགས་སྡོད་ཁང་གསར་པར་སྤོ་བཞིན་པ།
ས་ཡོམ་ཐེངས་གཅིག་ལས་རི་ཀླུང་འགུལ་ཞིང་ཁྱིམ་གཞིས་ལ་གཏོར་སྐྱོན་ཆེན་པོ་ཕོག གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སྣེ་བཞི་གྲོང་ཚོར་གེགས་རྗེས་བསྐྱར་སྐྲུན་བྱེད་པ་ནི་སྡོད་ཁང་རྒྱག་པ་ཙམ་མིན་པར་གྲོང་ཚོ་ཡོངས་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་ཏུ་གྱུར་ཡོད།
ད་ལོའི་ཟླ་བ་ལྔ་པའི་ཚེས་27ཉིན་གྱི་སྔ་དྲོར། གྲོང་ཚོའི་ལྷོ་ནུབ་ངོས་ནས་བསྐྱར་སྐྲུན་ལས་འགོ་བཙུགས་པའི་དུང་བརྡ་བཏང་།
གྲོང་ཚོའི་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ས་གནས་ས་ཐོག་ཏུ་སླེབས་སྐབས་ས་སྟེང་གི་ཐིག་གཞི་དཀར་པོ་དེ་མཐོང་མ་ཐག“ཐིག་གཞི་དེ་ལྟར་རྩིག་རྨང་བཏིང་ན་དུད་ཚང་གཉིས་དབར་སྨི་གཉིས་ཙམ་ལས་མེད་པས། ཨར་སྐྲུན་གྱི་འཕྲུལ་འཁོར་ཐར་ཐབས་མི་འདུག་ལ་རྗེས་སུ་འཁོར་རིགས་ཀྱང་འགྲོ་ཐབས་བྲལ”ཞེས་བཤད།
“སྔོན་ཆད་རྟ་དྲེལ་བཞོན་པ་དང་རྐང་ཐང་མར་འགྲོ་སྐབས་ལམ་བུ་གུ་དོག་པའི་ཚོར་སྣང་ཡོང་གི་མེད། འོན་ཀྱང་ད་ཆ་ཞིང་ལས་འཕྲུལ་ཆས་ཅན་དུ་གྱུར་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་བཅུ་ཆ་བཞི་ལྷག་ཙམ་ལ་རླངས་འཁོར་ཡོད་པས་ལམ་ཞེང་ཆེ་རུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་རེད”ཅེས་གནད་དོན་དེའི་ཐད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མིག་དམར་དགྲ་འདུལ་གྱིས“གྲོང་ཚོའི་ལམ་བུ་གུ་དོག་པ་ནི་ལོ་མང་རིང་གི་སེམས་ནད་ཅིག་ཡིན་པས་ད་ཐེངས་སྡོད་ཁང་བསྐྱར་སྐྲུན་བྱེད་སྐབས་གནད་དོན་དེ་ཐག་གཅོད་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་ཡིན་པས་སྣང་མེད་གཏན་ནས་གཏོང་མི་རུང”ཞེས་དོ་དོ་ནན་ནན་ངང་བཤད།
གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་པ་སངས་ཀྱིས“ལས་དོན་དེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས་ང་ཚོས་ངེས་པར་དུ་བརྩི་འཇོག་བྱས་ཏེ་ཁྲིད་སྟོན་བྱེད་པ་ལས་བཙན་ཤེད་བྱེད་མི་རུང”ཞེས་བཤད།
དེ་ཉིན་ཕྱི་དྲོར་དམིགས་བསལ་གྱི་ཡུལ་མིའི་ཚོགས་ཆེན་ཞིག་འཚོགས་ཏེ་ལྷག་བསམ་རྣམ་དག་གི་སྤེལ་རེས་དང་འབྲེལ་གཏུག་བྱེད་པ་ལས་བཙན་ཤེད་ཀྱི་བཀའ་ཕབ་མེད།
ལས་བྱེད་པ་ཚོས་དགེ་སྐྱོན་ལྷུག་པོར་གླེང་བ་དང་མང་ཚོགས་ལ་གདམ་ག་བྱེད་དབང་སྤྲད།
“ས་ཡོམ་རྒྱག་སྐབས་ཚང་མ་ཕྱིར་བྲོས་དགོས་པས་སྲང་ལམ་གུ་དོག་དྲགས་ཚེ་འཚང་ཁ་རྒྱག་སྐབས་ཉེན་ཁ་ཆེན་པོ་མེད་དམ”
“ད་ཆ་ས་ཆ་སྨི་གཅིག་ཕྱིར་བཤིག་བརྒྱབ་ཚེ་སླད་ཕྱིན་རླངས་འཁོར་གཏོང་བ་དང་འབྲུ་རིགས་དབོར་སྐབས་སྟབས་ཧ་ཅང་བདེ་པོ་ཡོད”
“གྱང་ནང་ངོས་སུ་བསྐུམས་ཙམ་བྱས་ཚེ་ས་ཁྱོན་ཆུང་དུ་ཕྲན་བུ་སོང་བའི་ཚོར་སྣང་ཡོད་རུང་། དོན་དངོས་ཐོག་བུ་རབས་ཚ་རྒྱུད་ཚོར་འཕེལ་རྒྱས་ཀྱི་བར་མཐོངས་བཞག་ཡོད”
“དོན་དག་དེ་ནི་ཁྱེད་ཚོའི་ཁེ་ཕན་དང་འབྲེལ་བ་ཡོད་པས་ང་ཚོས་ཨུ་ཚུགས་རྒྱག་གི་མིན། ཁྱེད་ཚོས་མནོ་བསམ་ཞིབ་མོ་གཏོང་དགོས”
“ཚོགས་འདུའི་ཐོག་ས་ཆ་ཕྱིར་བཤིག་རྒྱག་དགོས་པའི་དུད་ཚང་49ཡི་མང་ཚོགས་ཀྱིས་ངོ་རྒོལ་གྱི་བསམ་འཆར་འདོན་མཁན་བྱུང་མེད”ཅེས་པ་སངས་ཀྱིས་བཤད་པ་དང་། ཁོང་གིས“སྐད་ཆ་ཤོད་བདེ་པོ་མེད་པའམ་ཡང་ན་དམངས་ལ་བསྟུན་པའི་བསམ་བློ་བཅངས་པ་སོགས་ཀྱི་རྒྱུ་རྐྱེན་ཐོན་སྲིད་པར་བསམ་གཞིག་བྱས་ནས་ང་ཚོས་དུད་ཚང་དུ་བསྐྱོད་དེ་ཚང་མའི་དངོས་ཡོད་ཀྱི་བསམ་ཚུལ་ཤེས་རྟོགས་བྱ་རྒྱུའི་ཐག་བཅད་པ་ཡིན”ཞེས་བཤད།
ཚོགས་འདུ་གྲོལ་རྗེས། ཉིན་བརྒྱད་བསྟུད་མར་ཞོགས་པ་ནས་ས་སྲོས་བར་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་ཨར་སྐྲུན་ཕྱོགས་ཀྱི་མི་སྣ་ཁྲིད་དེ་དུད་ཚང་རེ་རེ་བཞིན་གྲོས་བསྡུར་བྱས་པ་དང་ཐིག་གཞི་བླངས་ཡོད།
མང་ཚོགས་ཀྱི་མོས་མཐུན་ཐོབ་རྗེས་གཞི་ནས་ལག་རྩལ་པས་བསྐྱར་དུ་ཐིག་བླངས།
ཕྱིར་བཤིག་སྔ་ཤོས་བྱེད་དགོས་པའི་མང་ཚོགས་དུད་ཚང་གསུམ་གྱི་ཁྲོད་ནས་རྒྱལ་ལམ་དང་ཐག་ཉེ་བའི་བསྟན་འཛིན་གྱི་ཁྱིམ་ནི་ཕྱིར་བཤིག་རྒྱག་མཁན་གྲས་སུ་ཚུད་མེད་རུང་། རང་འགུལ་ངང་ལམ་འགྲམ་གྱི་གྱང་ངོས་གཞོགས་གཉིས་ནས་སྨི་གཅིག་བསྐུམས་ཏེ“ས་ཆ་འདང་ངེས་ཡོད་པས་བསྐུམས་ཙམ་བྱས་ཚེ་ཁྱིམ་མཚེས་ལ་ཕན་ཐོགས་ཡོད”ཅེས་བཤད།
ཉམས་གསོ་བརྟན་གཏོང་བྱ་རྒྱུའི་མང་ཚོགས་དུད་ཚང་གཉིས་ཀྱིས“སླད་ཕྱིན་གྱང་གསར་པ་རྒྱག་སྐབས་ཀྱང་ཕྱིར་བཤིག་རྒྱག་ངེས་ཡིན”ཞེས་ཁས་བླངས།
ཡང་བསྐྱར་སྐྲུན་དང་འབྲེལ་བ་མེད་པའི་དུད་ཚང་གཉིས་ཀྱི་ཁྱིམ་མཚེས་འབྲེལ་བ་ཡག་པོ་མེད་རྐྱེན་གྲོང་ཚོའི་ལས་བྱེད་པས་ངང་རྒྱུད་རིང་པོས་འདུམ་འགྲིག་བྱས་མཐར་སླད་ཕྱིན་ཁང་པ་བསྐྱར་སྐྲུན་བྱེད་སྐབས་གཉིས་ཀས་གོམ་གང་ཕྱིར་བཤིག་རྒྱག་རྒྱུའི་མོས་མཐུན་བྱས།
ད་དུང་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དབང་གིས་ཕྱིར་བཤིག་རྒྱག་ཐབས་མེད་པའི་དུད་ཚང་གཉིས་ཀྱིས་ཀྱང“ང་ཚོས་ཕྱིར་བཤིག་རྒྱག་འདོད་ཡོད”ཅེས་བཤད།
“ས་ཆ་སྨི་གཅིག་ཕྱིར་བཤིག་རྒྱག་པའི”ལས་དོན་བདེ་བླག་ངང་སྤེལ་ཐུབ་དོན་གང་ཡིན་ནམ་ཞེ་ན། དེ་ནི་གོམ་པ་རེ་རེ་བཞིན་ལས་དོན་སྤེལ་བར་ཡིད་ཆེས་ཐོབ་པ་དང་ལྷག་བསམ་ཟོལ་མེད་ལ་བརྟེན་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་པ་ཞིག་ཡིན་པ་ལས་ངལ་བ་ཕྲན་ཙམ་སྤྱད་ནས་ཐོབ་པའི་འབྲས་བུ་ཞིག་གཏན་ནས་མིན།
—— རྣམ་ཀུན་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་རང་འགུལ་ངང་ལྟ་སྐུལ་དང་ལེན་ཞུ་བ་དང་ཏང་ཡོན་གྱིས་སྣེ་ཁྲིད་དེ་ངལ་རྩོལ་ནུས་ཤུགས་ཞན་པའི་ཁྱིམ་ཚང་ལ་སོ་ནམ་བྱེད་རོགས་བྱེད་པ་དང་རྒན་རྒོན་ལ་ཉིན་མོའི་ལྟ་རྟོག་ཞིབ་ཚགས་བྱས་སྟབས་རིམ་བཞིན་མི་སེམས་གཅིག་ཏུ་བསྡུ་ཐུབ་ཡོད།
—— ཕྱུག་འགྱུར་ལམ་བུར་གྲོང་ཚོའི་མཉམ་སྡེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་བྱུང་ཞིང་། ན་ནིང་ལུག་གསོའི་མཉམ་ལས་ཁང་གིས་རིམ་རྩིས་བརྒྱབ་ན་བགོ་འགྲེམས་དང་། གླ་ཆ། རོགས་སྐྱོར་བཅས་ཀྱི་དངུལ་བསྡོམས་སྒོར་ཁྲི་78ཙམ་སྤྲད་པ་དང་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་ལས“མཐུན་སྒྲིལ་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པའི”གནས་ལུགས་མི་སེམས་ལ་གཏིང་ཟབ་ཟུག་ཡོད།
—— ས་ཡོམ་རྒྱག་སྐབས་མདུན་དུ་མཆོང་མཁན་དང་པོ་ནི་ཏང་ཡོན་ཡིན་པ་དང་། བཀོད་སྒྲིག་བྱེད་རིང་ཤང་དང་གྲོང་ཚོའི་ལས་བྱེད་པས་ཕྲུ་གུ་བཙའ་ལ་ཉེ་བའི་སྦྲུམ་མ་སྲུང་སྐྱེལ་བྱས་ནས་མ་བུ་བདེ་འཇགས་ཡོང་བའི་འགན་ལེན་བྱས་པ། བསྐྱར་སྐྲུན་ཁྲོད་གྲོང་སྡོད་ལས་བྱེད་པས་རྩིག་རྨང་མཐོ་རུ་གཏོང་བའི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་རོགས་བྱས་ནས་བདེ་འཇགས་ཀྱི་ཚད་གཞི་སྲུང་བ་མ་ཟད་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་སེམས་ཁྲལ་ཡང་བསལ་ཡོད།
སྤྱིར་བཏང་གི་ལས་དོན་དེ་དག་ལས་གཞི་རིམ་བཅོས་སྐྱོང་བྱེད་པའི་ཡིད་ཆེས་ཀྱི་རྨང་རྡོ་བརྟན་པོ་བཏིང་ཡོད།
བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་མང་ཚོགས་ཚོས་མིག་མཐོང་ལག་ཟིན་བྱུང་བ་དང་སེམས་ལ་བརྟན་པོར་ངེས་ཡོད། “རྒྱལ་ཁབ་ཀྱིས་ངེད་ཚོར་སྲིད་ཇུས་བཟང་པོ་དེ་ལྟ་བུ་གནང་བ་དང་ད་ཆ་སླར་ཡང་ཁང་པ་རྒྱག་རོགས་བྱས་པས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་ང་ཚོར་འགྱོད་པ་གཏན་ནས་མི་འདུག”
ཟླ་ཤས་རིང་བྲེལ་བརྩོན་ཆེ་ལ་གོ་རིམ་ལྡན་པའི་ངང་འཛུཌ་སྐྲུན་བྱས་མཐར་སྣེ་བཞི་གྲོང་ཚོའི་དུད་ཚང་89ཡི་གཅིག་གྱུར་འཆར་འགོད་དང་ཁག་བགོས་འཛུགས་སྐྲུན་བྱས་པའི་བོད་བཟོའི་ཁང་གསར་སྟར་པ་རེ་རེ་བཞིན་མིག་ལམ་དུ་མངོན་ཞིང་། མང་ཚོགས་སྒྲོལ་དཀར་གྱིས“ས་ཆ་སྨི་གཅིག་ཕྱིར་བཤིག་རྒྱག་པ་དེ་ཆེན་པོ་དེ་ཙམ་མེད་པའི་ཚོར་སྣང་བྱུང་མོད། བསམ་ཡུལ་ལས་འདས་པར་ལམ་ཞེང་ཆེ་རུ་དེ་ལྟ་བུ་ཕྱིན་འདུག”སྟོན་ལས་མཇུག་འགྲིལ་རྗེས་ཁང་པ་གསར་པར་སྤོ་གི་ཡིན་ཞེས་གསར་འགོད་པར་བཤད།
“ཚང་མས་གཞོགས་འདེགས་བྱས་པ་ལས་གྲོང་ཚོའི་ལམ་བུ་ཡོངས་སུ་ཤར་གཏོང་ཐུབ་ཡོད”ཅེས་པ་སངས་ཀྱིས་བཤད་པ་དང་། ཁོང་གིས་ཚད་ལེན་ཞིབ་རྩིས་བརྒྱབ་པ་བརྒྱུད་བསྐྱར་སྐྲུན་མ་བྱས་གོང་གྲོང་ཚོ་ཡོངས་ཀྱི་སྒོ་འགྲམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ཞིང་དུད་30%ཙམ་ལས་ཟིན་གྱི་མེད། ས་ཆ་སྨི་གཅིག་་བཤིག་བརྒྱབ་རྗེས་བསྡུར་ཚད་དེ་97%ཡན་དུ་འཕར་བ་རེད་ཅེས་བཤད།
ད་ཆ་སྣེ་བཞི་གྲོང་ཚོས་དེ་བས་དུས་ཡུན་རིང་བའི་ཕུགས་ཀྱི་འཆར་གཞི་འདིང་བཞིན་ཡོད་ཅིང་། “གྲོང་ཚོའི་གཟན་ཆག་ལས་སྣོན་བཟོ་གྲྭ་བསྐྲུན་ཟིན་པས་སང་ལོ་ཐོན་སྐྱེད་བྱེད་འགོ་འཛུགས་ཐུབ། ང་ཚོས་ད་དུང་རྒྱལ་ལམ་གྱི་ལེགས་ཆར་བརྟེན་ནས་དམངས་སྲོལ་གནས་ཚང་འཕེལ་རྒྱས་བཏང་སྟེ་ཡུལ་སྐོར་ལས་ཡོང་འབབ་གསོག་ཐུབ་པ་བྱ་རྩིས་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མིག་དམར་དགྲ་འདུལ་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།
འབྲེལ་ཡོད་གསར་འགྱུར།