དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲངས་གཞིར་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད།

    བོད་ཀྱི་བཟོ་འཕྲིན་བྱ་གཞག་གི་འཕེལ་རྒྱས་ལམ་བུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-16

    བཟོ་ལས་ལ་གསོན་ཤུགས་ལྡན་ན་འཕེལ་རྒྱས་ལ་སྒུལ་ཤུགས་ལྡན་ཐུབ། ལོ་60རིང་གི་བོད་ཀྱི་བཟོ་ལས་འཕེལ་རྒྱས་ལ་ཕྱིར་མིག་བལྟས་ཚེ། མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་ཆེ་བའི་བར་གྱི་འབད་འཐབ་ཀྱི་ལོ་རྒྱུས་གྲུབ་འབྲས་ཟིལ་རླབས་དགུང་དུ་འཕྱུར་བ་ཞིག་ཡོད། དེའི་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་མཐུན་སྒྲིལ་འབད་འཐབ་དང་། འབད་འབུངས་མདུན་སྐྱོད། བདེ་སྐྱིད་འཚོ་བའི་ཕྱོགས་སུ་གོམ་ཞེང་ཆེན་པོས་བསྐྱོད་པ་བཅས་ཀྱི་རྒྱང་ལམ་རླབས་པོ་ཆེ་ཟིན་ཐོར་བཀོད་ཡོད། བཟོ་ལས་ཐོན་རྫས་རིན་ཐང་ཐོག་མའི་སྒོར་དུང་ཕྱུར་0.01ནས་2024ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་ཁོ་ན་སྒོར་དུང་ཕྱུར་573.83བར་འཕར་བས། མཆོང་སྐྱོད་ལྟ་བུའི་འཕར་སྣོན་གོམ་སྟབས་རེ་རེ་བརྟན་ལ་ནུས་ལྡན་ཞིག་ཡོད།

    བཟོ་ལས་དཔལ་འབྱོར་མཆོང་སྐྱོད་ཆེན་པོ་བྱུང་བ།

    བོད་ཀྱི་བཟོ་ལས་ཀྱི་གཞི་ཁྱོན་ཆེ་རུ་ཕྱིན་པ་དེ་ནི་དར་རྒྱས་གོང་འཕེལ་གྱི་རྒྱུག་མཐུད་འགྲན་བསྡུར་ཞིག་དང་འདྲ་བར་གྲུབ་འབྲས་གཟེངས་སུ་ཐོན་ཡོད།

    2021ལོ་དང་། 2022ལོ། 2023ལོ། 2024ལོ་བཅས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་12.9%དང་། 13.0% 8.7% 18.3%སོ་སོར་འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག བཟོ་ལས་ཀྱི་འཕར་ཐང་ཡོངས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་གྲངས་རྒྱུན་ཆད་མེད་པར་འཕར་བ་སྟེ། 9.1%དང་། 9.4% 13.9%བཅས་ནས་2024ལོའི་14.9%བར་འཕར་ཏེ་བཟོ་ལས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཁྲོད་བཏོན་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་འགག་རྩའི་སྟོབས་ཤུགས་སུ་གྱུར་ཡོད།

    བོད་ཀྱི་བཟོ་ལས་འཕེལ་རྒྱས་ལ་ད་ལྟའི་གྲུབ་འབྲས་དེ་ལྟ་བུ་ཐོབ་དོན་ནི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད།

    དུས་ཡུན་རིང་པོའི་ནང་། རྒྱལ་ཁབ་ཀྱིས་གཙོ་གནད་རྣམ་གྲངས་དམ་འཛིན་བྱ་གཞིར་བྱས་ནས་སྲིད་ཇུས་གཏན་འབེབས་ཧུར་ཐག་དང་ཁ་གསབ་དོན་འཁྱོལ་བྱས་ཏེ། བོད་ཀྱི་བཟོ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། དུས་རབས་གསར་པའི་དུས་འགོར། རང་ལྗོངས་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ལོ་རེའི་ཆ་སྙོམས་འཕར་ཚད་4.4%དང་། 17.2% 13.4%བཅས་སོ་སོར་ཟིན་པ་དང་། 2003ལོར་ཐོན་ལས་གཉིས་པའི་འཕར་ཐང་ཐོན་ལས་དང་པོ་ལས་ཐེངས་དང་པོར་བརྒལ་ཏེ། ཐོན་ལས་ཀྱི་གྲུབ་ཆ“གསུམ་གཅིག་གཉིས”ནས“གསུམ་གཉིས་གཅིག”བར་བསྒྱུར་ཐུབ་པ་བྱུང་ཡོད།

    རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་དོ་དམ་བྱ་ཐབས》བཏོན་པ་དང་། 2020ལོ་ནས་བཟུང་ལྗོངས་ཡོངས་ཀྱི་རྣམ་གྲངས་438ལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་4.74བཏང་ནས་ཁེ་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་དང་། སྤུས་འབྲས་ལེགས་གཉེར། ལྗང་མདོག་འཕེལ་རྒྱས་བཅས་ལ་རོགས་རམ་བྱས་ཡོད།

    ལྗང་མདོག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པ།

    སྐྱེ་ཁམས་ནི་བོད་ཀྱི་ལེགས་ཆ་ཆེ་ཤོས་ཡིན་པ་དང་ལྗང་མདོག་ནི་བོད་ཀྱི་མངོན་གསལ་དོད་ཤོས་ཀྱི་རང་མདངས་ཡིན། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ལྗང་མདོག་ཅན་དང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་དམིགས་ནས་ཐོན་ལས་འཕེལ་རྒྱས་ཐད་དུས་རབས་ཀྱི་གོམ་སྟབས་དང་དམ་པོར་བསྟུན་ཞིང་། 《བོད་རང་སྐྱོང་ལྗོངས་ཀྱི་བཟོ་ལས་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་སྒྱུར་དང་ལག་རྩལ་སྒྱུར་བཀོད་ཀྱི་བྱ་སྤྱོད་ཇུས་གཞི》བཀྲམ་ནས་ལག་བསྟར་བྱས་ཏེ། རྣམ་གྲངས་གསོག་འཇོག་མཛོད་བཙུགས་པ་དང་སྔོན་ཐོན་སྒྲིག་ཆས་ནང་འདྲེན་བྱས་ནས་བཟོ་ལས་འཕེལ་རྒྱས་ལ“སྒུལ་ཤུགས་གསར་པ”སྦྱིན་ཏེ། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་ལྗང་མདོག་སྒྲིག་ཆས་ཁྱབ་སྤེལ་མཉམ་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ཡོད།

    ལྗང་མདོག་བཟོ་སྐྲུན་ཁྱབ་ཁོངས་སུ་རང་སྐྱོང་ལྗོངས་རིམ་པའི་ལྗང་མདོག་བཟོ་གྲྭ་40དང་། ལྗང་མདོག་མཁོ་སྤྲོད་འཁོར་འབྲེལ་དོ་དམ་ཁེ་ལས་3 ལྗང་མདོག་ཇུས་འགོད་ཐོན་རྫས་1 ལྗང་མདོག་བཟོ་ལས་གླིང་1 རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་17བཅས་དཔྱད་བསྡུར་གཏན་འབེབས་བྱས་པ་དང་ཆབས་ཅིག རང་སྐྱོང་ལྗོངས་ཀྱི་བཟོ་ལས་ཁྱབ་ཁོངས་ཀྱི་ཆུ་གྲོན་ཆུང་ཅན་གྱི་ཁེ་ལས་12དང་ལྗང་མདོག་ཨར་ལས་རྒྱུ་ཆ་ཐོན་སྐྱེད་ཀྱི་རྐང་འཛིན་ཁེ་ལས་4ལ་དཔྱད་བསྡུར་གཏན་འབེབས་བྱས་ནས་ཐོན་རྫས་ཁག་6ལ་ལྗང་མདོག་ཨར་ལས་རྒྱུ་ཆའི་ཐོན་རྫས་ཀྱི་ཁས་ལེན་ཐོབ་སྟེ་ལྗང་མདོག་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་བཏང་ཡོད།

    ད་ལྟའི་བོད་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་བཟོ་ལས་མ་ལག་རིམ་བཞིན་བཙུགས་ཤིང་། གཏེར་འདོན་དང་ཨར་ལས་རྒྱུ་ཆ་སོགས་སྲོལ་རྒྱུན་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་དང་། རང་བྱུང་འཐུང་ཆུ། མི་རིགས་ཀྱི་ལག་ཤེས་སོགས་ཁྱད་ལྡན་ཐོན་ལས་ལ་ཕྱོགས་མང་པོ་ནས་འདེགས་སྐྱོར་བྱས་པ། ནུས་རྒྱུ་གཙང་མ་དང་། བདེ་ཐང་གསོ་རླུང་སྤྱོད་པ། ས་མཐོའི་ས་ཁུལ་གྱི་ནུས་མང་གཡོས་སྦྱོར་ཐབ་ཆས་སོགས་གསར་དར་ཐོན་ལས་དར་རྒྱས་མྱུར་པོ་ཕྱིན་ནས་གསོན་ཤུགས་ཀྱིས་ཁེངས་ཡོད་པ་རེད། ཨར་འདམ་ཐོན་ལས་མེད་པ་ནས་ཡོད་པའི་བར་དང་ཉམས་ཞན་ནས་སྟོབས་ཆེར་སོང་སྟེ། 2024ལོར་ཐོན་ཚད་ཏུན་ཁྲི་1300ལས་བརྒལ་ནས་ལས་གྲྭ་གལ་ཆེན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིང་སྟེ། བོད་ལྗོངས་འཛུགས་སྐྲུན་གྱི་རྨང་རྡོ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    གྲངས་འཛིན་ལ་བརྟེན་ནས་མཐུན་རྐྱེན་སྦྱར་བ་ལས་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་ཕྱིན་པ།

    ད་ཆ་རྩིས་ནུས་ནི་ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་སྟེ། ཆུང་ས་ལག་ཐོགས་ཁ་པར་ཁ་འབྱེད་པ་དང་། ངོ་རིས་ངོས་འཛིན། རྟགས་བཤེར་གཏོང་སྤྲོད་སོགས་དང་། ཆེ་ས་སྤྲིན་རྩིས་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས། ཟོག་འབྲེལ་དྲ་རྒྱ། མི་མེད་འཁོར་གཏོང་། རིག་ལྡན་གྲོང་ཁྱེར་བཅས་ཚང་མ་རྩིས་ནུས་དང་ཁ་འབྲལ་ཐབས་མེད།

    མི་རིང་བའི་གོང་། བོད་ཀྱི་གཞི་ཁྱོན་ཆེ་བའི་རིག་ལྡན་རྩིས་རྒྱག་ལྟེ་གནས་དང་པོ་སྟེ“ཡར་ཀླུང་གཙང་པོ་ཨང་དང་པོའི”རིག་ལྡན་རྩིས་རྒྱག་ལྟེ་གནས་ཀྱིས་ཞབས་འདེགས་ཞུ་འགོ་ཚུགས་པ་དང་། དེ་ནི་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར“འདུ་འགོད་ཨང་དང་པོ”དང“ཤར་གྲངས་ནུབ་རྩིས”ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ས་མཐོར་ལག་ལེན་བསྟར་བ་ཞིག་ཡིན་པས། བོད་ཀྱི་གཞི་ཁྱོན་ཆེ་བའི་རིག་ལྡན་རྩིས་རྒྱག་ཁྱབ་ཁོངས་ཀྱི་སྟོང་ཆ་གསབ་ནས་གངས་ལྗོངས་ས་མཐོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་བསྣན་ཡོད། དུས་ཐེངས་དང་པོའི་རྣམ་གྲངས་2000P(FP16)རྩིས་ནུས་གཞི་ཁྱོན་གྱི་རིག་ལྡན་རྩིས་རྒྱག་ལྟེ་གནས་བསྐྲུན་ནས་ནུས་པ་མཐོ་བའི་རྩིས་རྒྱག་ཞབས་ཞུའི་འཕྲུལ་འཁོར་256ལས་མི་ཉུང་བ་བཀོད་སྒྲིག་བྱས་ཡོད།

    གྲངས་འཛིན་དེ་ཉིད་ཐོན་ལས་འཕེལ་རྒྱས་ཀྱི་འགག་རྩར་གྱུར་པ་བྱ་རྒྱུ་ནི་རང་ལྗོངས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། རང་སྐྱོང་ལྗོངས་ཀྱིས་བཟོ་ལས་མཉམ་འབྲེལ་དྲ་རྒྱའི་སྤྱི་པའི་ཞབས་ཞུའི་ལས་སྟེགས་བསྐྲུན་པ་ཁོ་ནར་རིམ་རྩིས་བརྒྱབ་ན་གཞི་ཁྱོན་ཡན་གྱི་བཟོ་ལས་དང་གྲངས་འཛིན་དཔལ་འབྱོར་ཁེ་ལས་279ཞུཌ་རྒྱུའི་ཡིད་དབང་བཀུག་ཡོད། གཡུ་ལུང་ཟངས་གཏེར་སོགས་ཁེ་ལས་8འབུར་དུ་ཐོན་ནས་རང་སྐྱོང་ལྗོངས་ཀྱི་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་གྱི་རྐང་འཛིན་ཁེ་ལས་ལ་བདམས་པ་དང་། གནད་གཅིག་གིས་ཁྱོན་ཡོངས་ཁྲིད་དེ་ལས་རིགས་ཀྱི་གྲངས་འཛིན་ཅན་གྱི་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་ཀྱི་ཅན་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་སྟོན་གྲངས་50.2ཟིན་པ་དང་རྒྱལ་ཁབ་རིམ་པའི་ཅན་གཉིས་ཀྱི་མཉམ་འདྲེས་དོ་དམ་མ་ལག་གི་ཚད་གཞི་ལག་བསྟར་ཚོད་ལྟའི་ཁེ་ལས་130ཡིས་འཚོལ་ཞིབ་ཧུར་ཐག་བྱས་ནས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ལམ་བུ་གསལ་བར་བྱས་ཡོད།

    གྲངས་འཛིན་དཔལ་འབྱོར་གྱིས་སྣ་མང་ཅན་གྱི་ཐོན་ལས་འཁོར་འབྲེལ་འཐུས་སྒོ་ཚང་དུ་བཏང་ནས་བཟོ་ལས་ཀྱི་བཀོད་པ་སྔར་བས་ཚན་རིག་དང་མཐུན་ལ་ལུགས་མཐུན་ཡོང་བར་སྐུལ་ཁྲིད་བྱས་ཡོད། ལྷ་ས་ལྟེ་བའི་འཕར་སྣེར་བྱེད་པ་དང་ཆབ་མདོ་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ནག་ཆུ། མངའ་རིས། བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་གླིང་བཅས་སོ་སོར་ཁྱད་ཆོས་ལྡན་པའི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀོད་པ་ཞིག་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།