དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་སྔོན་ཡུལ་ཤུལ་གྱིས་སྐྱེ་ཁམས་སྲུང་བཅད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ།

    གཙང་གསུམ་ཆུ་འགོ་སྲུང་སྐྱོང་ཡག་པོ་བྱས་ནས“མཛེས་ལྗོངས་གཅིག”གིས“ཡུལ་ལུང་གཅིག”ཕྱུག་པོར་བསྒྱུར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ​ཆའོ་ཏུང་། ཀྲང་ཧྲུའེ་ཀྲེན།   |     སྤེལ་དུས།  2025-11-15

    ཞོགས་པའི་སྨུག་སྤྲིན་དྭངས་མེད་ནའང་། མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་དུ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་བ་ཚེ་བརྟན་གྱིས་སྐོར་སྲུང་གྱོན་ཆས་སྔོ་ནག་གྱོན་པ་དང་ཕྲག་ཏུ“གད་སྙིགས་རིགས་དབྱེ་ནས་གཙང་གསུམ་སྲུང”ཞེས་འཁོད་པའི་ལྟོ་ཕད་ཁུར་ཏེ་ཁ་བའི་ཁྲོད་འབྲོག་ཁྱིམ་དུ་བསྐྱོད་ཅིང་། དུད་ཁྱིམ་དུ་བསྐྱོད་ནས་རེས་སྐོར་གསར་པའི་སྒྲོག་འགྲེལ་བྱེད་འགོ་བརྩམས་པ་རེད།

    “གཙང་གསུམ་ཆུ་འགོ་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ལ་བཅངས་ཡོད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར“མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་འཕེལ་རྒྱས་གལ་ཆེན་གསར་པ་འཐོབ་པར་བྱ་རྒྱུ”དེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་གཙོ་བོའི་གྲས་སུ་བརྩིས་ཡོད་ཅིང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང“མཚོ་བོད་ས་མཐོ་སོགས་ས་ཁུལ་གྱི་སྐྱེ་ཁམས་སྲུང་བཅད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས”ཞེས་བཏོན་ཡོད།

    རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཐོག་མ་ཡིན་པའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་19ལྷག་ཙམ་ཟིན་ཡོད། ཡུལ་ཤུལ་ཀྲོའུ་ནི་གཙང་གསུམ་ཆུ་འགོའི་ལྟེ་བའི་ས་ཁོངས་སུ་གནས་པ་དང་ས་ཁོངས་ནང་གི་ཡུལ་ལུང་དབར་ལམ་ཐག་རིང་བར་བརྟེན། གད་སྙིགས་བརྒྱུད་འདྲེན་ནི་དེ་སྔོན་དཀའ་གནད་ཅིག་རེད།

    “གད་སྙིགས་ཁག་གཅིག་གསོག་འཇོག་དང་ཁག་གཅིག་གཙང་སེལ་བྱས་ཏེ། རྩྭ་ཐང་གི་གད་སྙིགས་བསྒྲུགས་ནས་ལག་ཤུབས་མང་པོ་རལ་བ”ཚེ་བརྟན་ལ་བག་ཆགས་ཟབ་མོ་ཡོད།

    དཀའ་གནད་བསལ་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་འབྱུང་རྩ་རིགས་དབྱེ་ནས་དམ་འཛིན་བྱས།

    “འབྱུང་རྩ་རིགས་དབྱེ་དང་། བརྒྱུད་འདྲེན་ནུས་ཆེ། ཐག་གཅོད་ལྗང་མདོག”བཅས་ཀྱི་གདུབ་ཟུམ་དེ་གཙང་གསུམ་ཆུ་འགོར་རིམ་བཞིན་ཆགས་བཞིན་ཡོད་པ་སྟེ། ས་ཁོངས་བརྒལ་བའི་གད་སྙིགས་བརྒྱུད་འདྲེན་གྱི་ལམ་གྲོན་ཆག་ཡང་གཏོང་བའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་ཐག་རིང་གྲོང་ཚོའི་གད་སྙིགས་དེ“འདྲེན་ཐུབ་པར”བྱེད་པ་དང་། ལྗང་མདོག་ཐག་གཅོད་ལག་རྩལ་ཁྱབ་གདལ་བཏང་ནས་གད་སྙིགས་གཙང་སེལ་བྱེད་དུ་འཇུག་པ། “ལྗང་མདོག་སྒོ་རྩིས་ཚོང་ཁང”གི་སྐར་གསོག་ལམ་ལུགས་བཏོན་ཏེ་གད་སྙིགས་རིགས་དབྱེར་སྐུལ་འདེད་བཏང་སྟེ་འབྲོག་པ“ཞུགས་འདོད”ཡོད་པར་བྱེད་དགོས།

    “རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ལ་ཐུག་པ་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ལ་ཐུག་པ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་ཐུག་ཡོད” ཡུལ་ཤུལ་གྱིས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱེད་པ་དེ་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་དམ་འཛིན་བྱས་པ་དང་། ས་ཁོངས་ཡོངས་ཀྱི་འགྱིག་ཤོག་གཏན་འགོག་དང་སྦགས་བཙོག་ཉུང་གཏོང་གི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་བཏང་བ་སོགས་བྱེད་ཐབས་དོན་འཁྱོལ་ཞིབ་ཕྲ་བྱས་ནས་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་པ་སྟེ། གཙང་གསུམ་ཆུ་འགོ་ས་ཁུལ་གྱི་འདམ་རའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་5ཙམ་བར་ཆེ་རུ་ཕྱིན་པ་དང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་གཞུང་ཆུ་མཚོ་སྔོན་ཞིང་ཆེན་མངའ་ཁོངས་ནས་ཐོན་པའི་ཆུ་སྤུས་རིགས་གཉིས་པ་དང་དེ་ཡན་དུ་སླེབས་ཡོད་པ་རེད།

    རི་སྔོན་ཆུ་དྭངས་ནས་གསེར་རི་དངུལ་རིའི་བར་འགྱུར་ལྡོག་ཇི་ལྟར་བྱུང་བ་ཡིན་ནམ།

    “དྲིས་ལན་ནི་རང་རེའི‘རི་བོ་གཉིས’ཏེ་གངས་རི་དང་སྤང་རི་ནས་མངོན་ཡོད”ཅེས་ཆུ་དམར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་རྡོ་རྗེ་བསྟན་འཛིན་གྱིས་བཤད།

    གངས་རི་ནི་གཡུ་འབྲུག་ལྷ་རྩེ་ཟེར་བ་དེ་རེད། སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་རི་འཛེག་ལ་དགའ་པོ་བྱེད་མཁན་མང་དུ་སོང་བ་དང་ཆབས་ཅིག་ཡུལ་དེ་གའི་ལེ་ལག་ཚང་བའི་ཞབས་ཞུ་འཕེལ་རྒྱས་ཧུར་ཐག་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ལ་རམ་འདེགས་ཐུབ་ཡོད།

    སྤང་རི་ནི་རྫ་རི་དཀར་ནག་ལུང་པ་ཡིན་ལ་ད་ཆ་ནོར་ཁྱུ་མང་པོ་ཡོད་ཅིང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྗེས། སྤང་རིར་རི་རྒྱ་བསྡམས་ནས་སྐྱེ་ཁམས་སོར་ཆུད་ཐུབ་ཡོད། སྐྱེ་ཁམས་འབྲོག་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བཏང་སྟེ“ཡུལ་ཤུལ་ནོར་ནག”ཉིད་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཤིག་ཏུ་གྱུར་ཡོད།

    སྐྱེ་ཁམས་ཀྱི་ཁེ་སྤོགས་དེ་དམངས་འཚོའི་ཕན་བདེར་གྱུར་ཡོད། ངམ་ར་གྲོང་ཚོས་ད་ལོ་ཡུལ་མི་རྣམས་ལ་སྨན་བཅོས་དང་རྒན་གསོའི་འགན་བཅོལ་སྒོར་ཁྲི་59ཚབ་འཇལ་བྱས་པ་མ་ཟད། ཡུལ་མི་རེར་ཁེ་སྤོགས་སྒོར་1600ལྷག་ཙམ་བགོ་བཤའ་ཡང་བརྒྱབ་ཡོད།

    “མཛེས་ལྗོངས་གཅིག”གིས“ཡུལ་ལུང་གཅིག”ཕྱུག་པོར་བསྒྱུར་ཅིང་། ཚེ་བརྟན་གྱིས“སྐྱེ་ཁམས་ཡག་པོ་དང་འཚོ་བ་ཡག་པོ་ནི་འབྲི་མར་དང་རྩམ་པ་བཞིན་ཁ་འབྲལ་ཐབས་མེད”ཅེས་མྱོང་ཚོར་ཟབ་མོས་བཤད།

    “ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱས་ཏེ། ང་ཚོས་སྐྱེ་ཁམས་སྲུང་བཅད་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་ཡག་པོ་བྱས་ནས་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བར་འབད་བརྩོན་བྱེད་ཀྱི་ཡིན”ཞེས་ཡུལ་ཤུལ་ཀྲོའུ་ཡི་ཀྲོའུ་ཀྲང་གཞོན་པ་དང་ཆུ་དམར་ལེབ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཐན་ཧྲེང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།