དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལྗང་མདོག་སྒུལ་ཤུགས”ལས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བའི་གསོན་ཤུགས་འཕེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཐེན་ཕེ།   |     སྤེལ་དུས།  2025-11-15

    ཟླ་10ཚེས་26ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་གནང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུ་གསན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ནགས་ཚལ་བཅའ་ཁྲིམས་ལག་ལེན་ནུས་ལྡན་བསྟར་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་ཅིང་། མིག་སྔར། རྒྱལ་ཡོངས་སུ་ནགས་སའི་རྒྱ་ཁྱོན་མུའུ་དུང་ཕྱུར་42.53དང་། ནགས་ཚལ་རྒྱ་ཁྱོན་མུའུ་དུང་ཕྱུར་36ལྷག་ཙམ། ནགས་ཚལ་ཁེབས་ཚད་25.09% ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་209.88བཅས་ཟིན་ཡོད། 2012ལོ་ཚུན་དུ། རང་རྒྱལ་གྱིས་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་དུང་ཕྱུར་11ལྷག་ཙམ་བྱས་པ་དང་མིས་བཟོས་ནགས་ཚལ་སོར་འཇོག་རྒྱ་ཁྱོན་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན་པ་དེས་གོ་ལ་ཧྲིལ་པོར་སྔོ་འགྱུར་རྒྱ་ཁྱོན་25%ཙམ་མང་དུ་སོང་ནས་འཛམ་གླིང་ཐོག་སྔོ་ལྗང་མང་དུ་གཏོང་ཚད་མང་ཤོས་དང་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། 2024ལོར། རྒྱལ་ཡོངས་ཀྱི་ནགས་རྩྭའི་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་10.496ཟིན་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བའི་གསོན་ཤུགས་འཕེལ་བ་དང་ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱེད་པའི“ལྗང་མདོག་སྒུལ་ཤུགས”སུ་གྱུར་ཡོད།

    སྙན་ཞུའི་ནང་བསྟན་དོན། རང་རྒྱལ་དུ་རིམ་ཁག་ས་གནས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ནགས་དཔོན་གྱི་འགན་འཁུར་བ་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔར་ཁྱབ་པའི་ནགས་དཔོན་མ་ལག་ཅིག་ཆགས་པར་བྱས་ཏེ་རྒྱལ་ཡོངས་ཀྱི་རིམ་ཁག་ནགས་དཔོན་ཁྲི་130ལྷག་ཙམ་གྱིས་སྣེ་ཁྲིད་ནས་འགན་འཁྲི་ནན་དུ་གཏོང་བར་སྐུལ་འདེད་བཏང་ཡོད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱིས་ནགས་དབང་ས་ཐོའི་བརྟག་དཔྱད་ཚད་གཞི་བཟོས་པར་རྒྱལ་ཁབ་ཀྱི་གཙོ་གནད་ནགས་ཁུལ་7གྱི་རང་བྱུང་ཐོན་ཁུངས་ཀྱི་དབང་ཆ་གཏན་འཁེལ་ཐོ་འགོད་དང་ནགས་ཚལ་ཐོན་ཁུངས་37གྱི་དབང་ཆ་གཏན་འཁེལ་ཐོ་འགོད་ལེགས་གྲུབ་ཟིན་ཡོད། མཉམ་སྡེབ་ཀྱི་ནགས་དབང་ལམ་ལུགས་སྒྱུར་བཅོས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་རྒྱལ་ཡོངས་སུ་ནགས་དབང་ལག་ཁྱེར་ཁྱོན་དུང་ཕྱུར་1ལྷག་ཙམ་སྤྲད་པས“རིའི་དབང་ཆ་གཏན་འཁེལ་དང་། སྡོང་པོའི་རྩ་བ་ཚུགས་པ། མིའི་སེམས་པ་གནས་པ”བཅས་མངོན་འགྱུར་བྱུང་ཡོད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱིས་ནགས་ཚལ་སྲུང་སྐྱོང་ཉམས་གསོ་དེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་བཅུག་ནས། རྒྱལ་ཡོངས་སུ་ནགས་ཚལ་ཁེབས་ཚད་ཀྱི་གཅུན་འདོམས་རང་བཞིན་གྱི་དམིགས་ཚད་ཁ་གསལ་བཟོས་པ་དང་། ནགས་ལས་རྩྭ་ཐང་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་སོགས་བཟོས་ནས་ལག་བསྟར་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ནགས་ཚལ་གྱི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་པར་འཆར་འགོད་ཀྱི་ཁྲིད་སྟོན་བྱས་པ་རེད།

    སྙན་ཞུའི་ནང་ནགས་ཚལ་བཅའ་ཁྲིམས་ལག་ལེན་བསྟར་བར་གནས་པའི་དཀའ་ངལ་དང་གནད་དོན་གཙོ་བོར་དབྱེ་ཞིབ་བྱས་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་ཏེ་ནགས་ཚལ་གྱི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་ཁྲིམས་ལྟར་མཐོ་རུ་གཏོང་བ་དང་། སྲུང་སྐྱོང་སྔོན་ལ་བྱེད་པ་དང་སྐྱོང་གསོ་ཟུང་འབྲེལ་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། ནགས་ཚལ་ཐོན་ཁུངས་ཀྱི་དོ་དམ་བྱེད་ནུས་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། ནགས་ལས་སྒྱུར་བཅོས་འཕེལ་རྒྱས་ལ་ཁྲིམས་ལྟར་སྐུལ་འདེད་དང་གཏིང་ཟབ་ཏུ་བཏང་སྟེ། མཉམ་སྡེབ་དང་ནགས་སྐྱོང་ཞིང་དུད་ཀྱིས་ནགས་ཚལ་སྲུང་སྐྱོང་དང་དར་རྒྱས་གཏོང་བའི་ཧུར་སེམས་སྐུལ་སློང་གང་ལེགས་བྱེད་པ། ནགས་ཚལ་གྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྐྱེ་ཁམས་རིན་ཐང་གཞན་སྒྱུར་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་བཏོན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།