ཞིང་ལས་གྲོང་གསེབ་པུས་བརྗོད་དོན།
ཞིང་ལས་ཚན་རྩལ་གྱི་སྣེ་ཁྲིད་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས།
ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཅུན་གྱིས་བརྗོད་དོན། ས་གནས་ཁག་གི་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་ཞིང་ལས་ཚན་རྩལ་གྱི་སྣེ་ཁྲིད་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། རྒྱབ་སྐྱོར་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ཞིབ་འཇུག་བྱས་ཏེ་བཟོ་བ། ཕྱོགས་ཁག་གི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བཅས་བྱས་ནས། སེམས་ནུས་ཡོད་རྒུས་ཁེ་ལས་ལ་བྱ་བ་དངོས་སྒྲུབ་པ་དང་ཁེ་ལས་ཀྱི་དཀའ་གནད་སེལ་དགོས།
ཧན་ཅུན་གྱིས་ཉེ་ཆར་ཧུའུ་པེ་ཝུའུ་ཧན་དུ་འཚོགས་པའི་ཞིང་ལས་ཚན་རྩལ་གྱི་སྣེ་ཁྲིད་ཁེ་ལས་སྐྱེད་སྲིང་ཤུགས་ཆེན་དང་ཞིང་ལས་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པའི་ས་གནས་ས་ཐོག་གི་ཚོགས་འདུའི་ཐོག་གོང་གསལ་གྱི་གཏམ་བཤད་སྤེལ་བ་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱིས་གསར་གཏོད་ཀྱི་གཞི་རྒྱུ་གཙོ་བོ་ཁེ་ལས་སུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་ནས་ཁེ་ལས་ཀྱིས་ཞིང་ལས་ཚན་རྩལ་གྱི་རྣམ་གྲངས་གལ་ཆེན་གྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་བྱས་ཡོད། པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་། ཧུའུ་པེ། ཀྲེ་ཅང་སོགས་ཞིང་ཆེན་མང་པོ་ཞིག་གིས་གསར་གཏོད་ཀྱི་ཐོག་མའི་ཇུས་འགོད་ཀྱི་ལེགས་ཆ་གང་ལེགས་འདོན་པ་དང་ཞིང་ལས་ཐོན་ལས་ཀྱི་གསར་གཏོད་ལས་སྟེགས་ཧུར་ཐག་བསྐྲུན་ཏེ། ཚན་རྩལ་གྲུབ་འབྲས་ཁེ་ལས་ཕྱོགས་སུ་གཞན་སྒྱུར་བཀོལ་སྤྱོད་བྱེད་མགྱོགས་སུ་བཏང་བས། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
མིག་སྔར། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པས། ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་འཐབ་ཇུས་དོན་སྙིང་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཧན་ཅུན་གྱིས། བསམ་ཕྱོགས་སྔར་བས་གསར་འབྱེད་དང་། ལམ་ལུགས་ལམ་སྲོལ་གསར་གཏོད། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། “བརྒྱ་སྟོང་ཁྲིའི”ཞིང་ལས་ཚན་རྩལ་ཁེ་ལས་སྐྱེད་སྲིང་ལས་གྲྭ་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་ཆུ་ཚད་མཐོ་བའི་ཞིང་ལས་ཚན་རྩལ་རང་ཚུགས་རང་དར་ཡོང་བར་སྒུལ་ཤུགས་ཆེན་པོ་སྣོན་དགོས་ཞེས་བརྗོད།
ཚོགས་འདུའི་ཐོག་གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བྱས་པ་སྟེ། ཞིང་ལས་ཚན་རྩལ་གྱི་སྣེ་ཁྲིད་ཁེ་ལས་ཀྱི་སྐས་རིམ་སྐྱེད་སྲིང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཞིང་ལས་ཚན་རྩལ་ཁེ་ལས་ཀྱི་སྐྱེད་སྲིང་མཛོད་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱུན་རྣམ་ཅན་གྱི་སྦྲེལ་མཐུད་ཞབས་ཞུའི་ལམ་སྲོལ་འཛུགས་དགོས་པ་དང་། ཞིང་ལས་ཚན་རྩལ་གསར་གཏོད་ཁྲོད་ཁེ་ལས་ཀྱི་བྱེད་པོའི་ནུས་པ་འདོན་པར་རྒྱབ་སྐྱོར་བྱེད་པ་དང་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་ཐབས་ཇུས་འགོད་པའི་ནང་ཞུགས་ཏེ། རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་འགག་སྒྲོལ་གྱི་ལས་འགན་དེ་བས་མང་བ་འཁུར་དགོས། ཞིང་ལས་ཁེ་ལས་དང་ཚན་ཞིབ་སློབ་གླིང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ་ཞིང་ལས་ཚན་རྩལ་གྱི་གསར་གཏོད་མནའ་འབྲེལ་དང་གསར་གཏོད་ཞིབ་འཇུག་ཁང་སོགས་མཉམ་འབྲེལ་སྒྲིག་གཞི་བཙུགས་ནས་ཁེ་ལས་དང་ཚན་རྩལ་མཉམ་འབྲེལ་གྱི་གསར་གཏོད་འགག་སྒྲོལ་གཏིང་ཟབ་བྱེད་དགོས། ཞིང་ལས་ཚན་རྩལ་གྱི་དངུལ་རྩའི་ཞབས་ཞུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཞིང་ལས་ཚན་རྩལ་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དང་སྦྲེལ་མཐུད་ཞབས་ཞུའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཞིང་ལས་ཚན་རྩལ་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་སྐྲུན་དགོས་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།