COP30“ཀྲུང་གོའི་ཕྱོགས”ཀྱི་རིམ་སྤེལ་ཟུར་ཚོགས་འགོ་ཚུགས་པ།
སྐྱེ་ཁམས་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་ཀྲུང་གོའི་ལག་ལེན་སྐོར་གླེང་བ།
ཉེ་ཆར། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》(གཤམ་དུ《སྤྱི་ཆིངས》ཞེས་བསྡུ་རྒྱུ)ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་སུམ་ཅུ་པའི(COP30)“ཀྲུང་གོའི་ཕྱོགས”ཀྱི་རིམ་སྤེལ་ཟུར་ཚོགས་པར་ཙིར་གྱི་གྲོང་ཁྱེར་པེ་ལུན་དུ་འགོ་ཚུགས་པ་དང་། ཟུར་ཚོགས་དང་པོར་སྐྱེ་ཁམས་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་ཀྲུང་གོའི་ལག་ལེན་སྐོར་གླེང་ཡོད།
ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་པུའི་པུའུ་ཀྲང་ཧོང་རུན་ཆིའུ་ཡིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་སྒྲོན་སྐབས། སྐྱེ་ཁམས་ཤེས་དཔལ་ནི་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡིན་པ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཕུགས་འདུན་ཞིག་རེད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་ལ་གནམ་གཤིས་ཀྱི་ཉམས་ཉེན་ཡང་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་མོད། འོན་ཀྱང་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པའི་བྱ་སྤྱོད་དེ་ལྷོད་དུ་གཏོང་མི་སྲིད་ལ། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་བརྩོན་སེམས་ཀྱང་ཆུང་དུ་གཏོང་མི་སྲིད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ལག་ལེན་ཡང་མཚམས་འཇོག་མི་སྲིད་ཅེས་བརྗོད་པ་རེད།
《སྤྱི་ཆིངས》དྲུང་ཡིག་ཁྲུའི་ལག་བསྟར་དྲུང་ཡིག་ཤིས་མོང·སི་ཏར་གྱིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོའི་འདུ་ཤེས་ཀྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ནན་བཤད་བྱས་ཡོད་པས། ཀྲུང་གོའི“ཐཱན་གཉིས”དམིགས་ཚད་ཁྲོད་སྙིང་སྟོབས་དེ་ལྟ་བུ་མཐོང་ཐུབ་ལ། དེའི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་འགོ་ཁྲིད་གནས་བབ་ཁྲོད་ནས་ཀྱང་རེ་འདོད་དེ་ལག་ལེན་བསྟར་ཚུལ་ཚོར་ཐུབ་ཅེས་བརྗོད་པ་རེད།
ཀྲུང་གོའི་གནམ་གཤིས་འགྱུར་ལྡོག་ལས་དོན་གྱི་ཆེད་བསྐོས་ཕོ་ཉ་ལིའུ་ཀྲེན་མིན་གྱིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་གདང་སྦྲེལ་ཏེ། མིའི་རིགས་ཡོངས་ཀྱི་བདེ་སྐྱིད་ཀྱི་མཐོ་ཚད་ནས་བདག་དབང་འདྲ་མཉམ་ལག་བསྟར་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་བརྩི་འཇོག ཕྱོགས་མང་རིང་ལུགས་ལག་བསྟར། མི་རྩ་བར་འཛིན་རྒྱུ་དར་སྤེལ། བྱ་སྤྱོད་ཀྱི་ཁྲིད་སྟོན་ལ་མཐོང་ཆེན་བཅས་བྱས་ནས། ཕྱོགས་ཁག་དང་མཉམ་དུ་COP30ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་སྟེ་གོ་ལ་ཧྲིལ་པོའི་གནམ་གཤིས་ཐད་བརྟན་ལ་གཏན་འཁེལ་རང་བཞིན་དེ་བས་མང་བ་སྣོན་འདོད་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།