ཆུ་ཚན་ལྟེང་ཀ་ལང་ལོང་འཕྱུར། དམངས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག
—— ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་ཆུ་ཚན་ཐོན་ཁུངས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ།
དགུན་ཟླ་ར་བར། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རྫིང་ཕྱི་ཤང་ཞོལ་པ་གྲོང་ཚོའི་འོལ་ཁ་དེང་རབས་ཐང་ཆེན་རྣམ་གྲངས་བསྐྲུན་ཡུལ་དུ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས།
“རྣམ་གྲངས་ཀྱི་སྒྲོམ་གཞིར་ཐོག་བཀབ་ཟིན་པ་དང་སྤྱིའི་ལས་རིམ་ལེགས་གྲུབ་བྱུང་ཚད་60%ཙམ་ཟིན་ནས་སྔོན་དཔག་ལྟར་ན་ཕྱི་ལོའི་ཟླ་5པར་གཉེར་སྐྱོང་ཐུབ་བཟོ་ཡོད། ཁང་པ་བསྐྲུན་རྗེས་གསོལ་མགྲོན་ཁང་ཁང་མིག་65མང་དུ་འགྲོ་རྒྱུ་ཡིན་པ་དེས་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཁང་པ་རག་དཀའ་བའི་གནད་དོན་ཞི་ལྷོད་ནུས་ལྡན་འགྲོ་རྒྱུ་རེད”ཅེས་ཟངས་རི་རྫོང་རྫིང་ཕྱི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀའོ་ཐའོ་ཡིས་གདེང་ཚོད་ཆེན་པོས་བཤད།
མཐའ་བཞི་གངས་རིས་བསྐོར་བའི་ཐུན་མིན་གྱི་མཛེས་ལྗོངས་ལས་ཞོལ་པ་གྲོང་ཚོ་དེ་ཉིད་བོད་ལྗོངས་ཤར་ལྷོའི་ཆུ་ཚན་གྱི་ཡུལ་སྐོར་བྱེད་ས་གྲགས་ཅན་ཞིག་ཏུ་གྱུར་ཡོད།
རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་དགོས་མཁོ་རིམ་སྤོར་བྱུང་བ་དང་ཆབས་ཅིག་འཕེལ་རྒྱས་ཀྱི་འཇུར་མིག་ཉིན་བཞིན་མངོན་གསལ་དོད་དུ་སོང་ཞིང་། “ཡུལ་སྐོར་བྱེད་མང་བའི་དུས་སུ་ཉིན་རེར་ཡུལ་སྐོར་བ་མི་ཐེངས་9000ལས་བརྒལ་གྱི་ཡོད་པས་གྲོང་ཚོར་ཉལ་ཁྲི་600ལྷག་ཙམ་ཁོ་ན་དང་། བཟའ་བཏུང་རོལ་རྩེད་ཀྱི་ལེ་ལག་ཚང་པོ་མེད་པ། དེ་བཞིན་རླངས་འཁོར་འཇོག་ས་དང་གསང་སྤྱོད་མི་འདང་བ་སོགས་ཀྱིས་ཁྲོམ་རའི་དགོས་མཁོ་ཡོངས་སུ་སྐོང་ཐུབ་ཀྱི་མེད”ཅེས་ཀའོ་ཐའོ་ཡིས་སྦ་གསང་མེད་པའི་ངང་རགས་ལས་རྣམ་པའི་གཉེར་སྐྱོང་བྱེད་སྟངས་ཀྱི་ཞན་ཆ་བཏོན་ནས་བཤད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི》ནང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་ནས་རིག་གནས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། རིག་གནས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་དགོས་ཞེས་བསྟན་ཡོད།
དེ་ལས་ཟངས་རི་རྫོང་གིས་རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་རྒྱུར་ཁ་ཕྱོགས་བསྟན་ཡོད་ལ། ཟངས་རི་རྫོང་གིས་རིག་གནས་ཡུལ་སྐོར་ཐོན་ལས་མུ་མཐུད་སྟོབས་ཆེར་གཏོང་བའི་ཆོད་སེམས་ཀྱང་སྔར་བས་བརྟན་དུ་ཕྱིན་ཡོད།
“ངེས་པར་དུ‘འཆར་འགོད་མང་པོ་མཉམ་འདྲེས’ཀྱི་འདུ་ཤེས་ལག་བསྟར་བྱས་ནས་ཡུལ་སྐོར་དང་། རྒྱལ་ཁབ་ས་ཆ། གྲོང་སྡེ་བཅས་ཀྱི་འཆར་འགོད་གཅིག་གྱུར་ནུས་ལྡན་བྱས་ནས་འགོ་འཛུགས་ས་མཐོ་བའི་རྩེ་རིམ་གྱི་ཇུས་འགོད་མངོན་འགྱུར་བྱེད་པ་ལས‘ཉ་ཉུང་མཉམ་བསྲེས་བྱེད་མི་རུང’”ཟངས་རི་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པ་དབྱང་ཀྲེང་གིས་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་རིང་སྒྲིག་གཞི་དང་ལམ་སྲོལ་གྱི་འཇུར་མིག་བསལ་ནས་འོལ་ཁ་ཆུ་ཚན་དང་། གཟི་བྱིན་ལྷ་མཚོ། ཀུན་བདེ་གླིང་རྩྭ་ཐང་། ཕག་གྲུ་རྒུན་འབྲུམ་རྟེན་གཞི་སོགས་ཁྱད་དུ་འཕགས་པའི་མཛེས་ལྗོངས་ཁུལ་མཉམ་འདྲེས་བྱས་ཏེ་ས་ཁོངས་མཐུན་སྦྱོར་དང་ལེགས་ཆ་གསབ་རེས་ཀྱི་ཡུལ་སྐོར་བྱེད་རྣམ་གསར་པ་ཆགས་པར་བྱེད་དགོས་ཞེས་བཤད།
ཚང་འཛོམས་གྲོས་ཚོགས་དགོངས་དོན་གྱི་མཛུབ་ཁྲིད་འོག་ཞོལ་པ་གྲོང་ཚོའི་མུའུ་29.5ཡི་འཕེལ་རྒྱས་འཆར་འགོད་རིམ་བཞིན་དོན་འཁྱོལ་ཐུབ་བཞིན་ཡོད།
དེ་དང་ཆབས་ཅིག་རྫིང་ཕྱི་ཤང་ནས་རྒྱུག་པའི་རྫིང་ཆུའི་གྲམ་ངོགས་ཀྱི་དམངས་སྲོལ་གནས་ཚང་རྙིང་པར་ཡང་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། ཧུའུ་ནན་ཞིང་ཆེན་གཡོད་དབྱང་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་རྒྱབ་སྐྱོར་བྱས་ནས་གསར་སྐྲུན་བྱས་པའི་ཆུ་ཚན་ལུས་གསོའི་ལྟེ་གནས་ཀྱིས“ཆུ་ཚན་དང་བོད་ཀྱི་གསོ་བ་རིག་པའི་ལུས་གསོ”ཟུང་འབྲེལ་ལྟེ་བར་བྱས་ནས་བོད་སྨན་གྱི་སྨན་བཅོས་དང་། སྨན་ལུམས། བོད་ལུགས་མཉེན་འཕུར་སོགས་ཁྱད་ལྡན་རྣམ་གྲངས་གསར་གཏོད་བྱས་ནས་ནང་འདྲེན་བྱས་ཏེ་ཡུལ་སྐོར་བའི་ལུས་སེམས་གཉིས་ཀ་གསོ་ཐུབ་པར་བྱས་ཡོད།
གཡོད་དབྱང་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པར་གནད་སྨིན་ཤུགས་འདོན་བྱས་ནས་སྨན་ལུམས་ལུས་གསོ་དང་། རྣམ་པ་མཛེས་བཟོའི་SPA དམའ་དབྱིངས་དཔལ་འབྱོར་སོགས་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་བ་དང་། ཟངས་རིའི་ཆུ་ཚན་གྲོང་རྡལ་ཆུང་ངུ་དེ་ལུས་གསོ་བྱེད་གནས་རྩེ་གྲ་དང་། རིག་གནས་ཉམས་ལེན། སོས་དལ་སྤྲོ་གསེང་། ཕ་མ་བུ་ཕྲུག་གི་རོལ་རྩེད་བཅས་ཀྱི་ས་ཁོངས་ཡོངས་དང་ལས་རྣམ་ཧྲིལ་པོའི་རྣམ་པར་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་བོད་ལྗོངས་ཤར་ལྷོའི་ས་ཁོངས་རང་བཞིན་གྱི་ཡུལ་སྐོར་དམིགས་ས་ཁུལ་དང་རྒྱལ་ཁབ་རིམ་པའི་ཆུ་ཚན་ཡུལ་སྐོར་གྱི་སྤྲོ་གསེང་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་རྩིས་ཡོད་པ་རེད།
རིག་གནས་ཡུལ་སྐོར་གྱི་སྐྲུན་དངོས་རྒྱུན་མཐུད་གསར་དུ་ཐོན་ནས་འཛད་སྤྱོད་ཀྱི་གསོན་ཤུགས་ཀྱང་རྒྱུན་ཆད་མེད་པར་འཕེལ་ཞིང་། མ་འོངས་པར་འོལ་ཁ་ཆུ་ཚན་དུ་ཡུལ་སྐོར་བས་གསོལ་མགྲོན་ཁང་རྩེ་གྲར་བསྡད་ནས་ཆུ་ཚན་བརྒལ་ཆོག་ལ། བོད་ཀྱི་གསོ་བ་རིག་པའི་ལུས་གསོ་བྱེད་སྟངས་དབྱིངས་ཞུགས་རྣམ་པའི་ཐོག་ནས་ཉམས་ལེན་ཆོག་པའི་ཁར། མཁའ་དབྱིངས་ནས་ཚ་རླངས་ལྒང་ཕུག་བསྡད་དེ་མཛེས་སྡུག་ལྡན་པའི་རི་ཆུའི་མཛེས་པ་ཉམས་ལེན་བྱས་ནས་གངས་ལྗོངས་ས་མཐོའི་སྤྲོ་གསེང་གི་ཐུན་མིན་གྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་ཆོག
“ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་རྩ་བའི་གཞི་འཛིན་སར་བྱས་ནས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་ཏེ། ‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་འོལ་ཁ་ཆུ་ཚན་དེ་ཉིད་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་དུ་གཏོད་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད། ཟངས་རི་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟོན་ཕྱོགས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་དེ་ཀ་རྟེན་ཐོན་ལས་དང་། དམངས་འཚོའི་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་སུ་སྐྱེད་སྲིང་བྱས་ཏེ། ཆུ་ཚན་དེ་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ཡོང་ཁུངས་དངོས་སུ་འགྱུར་བར་བྱ་རྒྱུ་ཡིན”ཞེས་ཟངས་རི་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་རྫོང་དཔོན་གཞོན་པ་དཔལ་ལྡན་གྱིས་བཤད།
འབྲེལ་ཡོད་གསར་འགྱུར།