དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕྲུ་གུ་ཚོ་སྙིང་སྟོབས་ཆེ་ལ་མདུན་ལམ་ལྡན་པར་བྱེད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲེང་དབྱི། ཧོང་ཁྲའོ། ལི་ཅན་ཀོང་།   |     སྤེལ་དུས།  2025-11-14

    “བདེ་ཐང་ཨང་དང་པོ་ཡིན་པའི་སློབ་གསོའི་འདུ་ཤེས་མཐའ་འཁྱོངས་ཀྱིས་སློབ་གྲྭའི་ལུས་རྩལ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་གཞོན་ནུ་ལོ་ཆུང་གི་རིག་གནས་སློབ་སྦྱོང་དང་ལུས་རྩལ་སྦྱོང་བརྡར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། སློབ་མས་ལུས་རྩལ་སྦྱོང་བརྡར་ཁྲོད་སྤྲོ་སྣང་ལོངས་སྤྱོད་བྱེད་པ་དང་། གཟུགས་གཞི་ཐང་དུ་འགྲོ་བ། མི་གཤིས་ལེགས་སུ་གཏོང་བ། སྙིང་སྟོབས་ལ་ཞུན་བརྡར་བྱེད་པ་བཅས་ལ་རོགས་རམ་བྱེད་དགོས”

    —— 2020ལོའི་ཟླ་9ཚེས་22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་འཐུས་མིའི་བཞུགས་མོལ་ཚོགས་འདུའི་ཐོག་ནན་བཤད་གནང་བ་རེད།

    དུས་ཡུན་ངེས་ཅན་ཞིག་རིང་། རྨང་གཞིའི་སློབ་གསོའི་དུས་མཚམས་སུ་སློབ་གྲྭ་ཁ་ཤས་ཀྱིས་ཡིག་རྒྱུགས་ཀྱི་སྐར་གྲངས་ལ་མཐོང་ཆེན་དང་སྦྱོང་བརྡར་ལ་སྣང་ཆུང་བྱེད་པ་དང་། ཁྱིམ་བདག་གིས་ཀྱང་ལུས་རྩལ་བྱེད་སྒོ་མང་དྲགས་ན་སྐར་གྲངས་ལ་ཤུགས་རྐྱེན་ཐེབས་པའི་སེམས་ཁྲལ་བྱེད་ཀྱི་ཡོད། ལུས་རྩལ་སློབ་ཚན་དེ་འཆམ་འཆམ་སློབ་ཚན་ལ་རིམ་བཞིན་གྱུར་པ་དང་སློབ་གསེང་གི་དུས་ཚོད་དེ་འཇམ་ཐིང་ཐིང་ལ་གྱུར་ནས། “རྒྱགས་པ་ཆུང་ཆུང”དང“མིག་ཤེལ་ཆུང་ཆུང”སོགས་ཀྱི་གནད་དོན་སྔ་ས་ནས་ཐོན་པའམ་ཡང་ན་ཇེ་མང་དུ་འགྲོ་བའི་སྣང་ཚུལ་ཐོན་བཞིན་ཡོད།

    གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་དང་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་ཆེན་པོ་གནང་གི་ཡོད།

    2020ལོའི་ཟླ་9ཚེས་22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་འཐུས་མིའི་བཞུགས་མོལ་ཚོགས་འདུའི་ཐོག་བདེ་ཐང་ཨང་དང་པོ་ཡིན་པའི་སློབ་གསོའི་འདུ་ཤེས་མཐའ་འཁྱོངས་ཀྱིས་སློབ་གྲྭའི་ལུས་རྩལ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་གཞོན་ནུ་ལོ་ཆུང་གི་རིག་གནས་སློབ་སྦྱོང་དང་ལུས་རྩལ་སྦྱོང་བརྡར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། སློབ་མས་ལུས་རྩལ་སྦྱོང་བརྡར་ཁྲོད་སྤྲོ་སྣང་ལོངས་སྤྱོད་བྱེད་པ་དང་། གཟུགས་གཞི་ཐང་དུ་གཏོང་བ། མི་གཤིས་ལེགས་སུ་གཏོང་བ། སྙིང་སྟོབས་ལ་ཞུན་བརྡར་བྱེད་པ་བཅས་ལ་རོགས་རམ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    བཞུགས་མོལ་ཚོགས་འདུ་དེའི་ཐོག “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་འགོ་གསན་པ་དང་། ལོ་ཕྱེད་སོང་རྗེས། “སློབ་གྲྭའི་ལུས་རྩལ་སློབ་ཚན་དང་སློབ་ཕྱིའི་སྦྱོང་བརྡར་གྱི་དུས་ཚོད་འགན་ལེན་བྱེད་དགོས”ཞེས་པ་དེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་ནང་བཀོད་ཡོད།

    “ཕྲུ་གུ་ཚོ་རྒྱུགས་ཤར་གློད་རྒྱུ་ཡོད་པར”དམིགས་ནས་ལོ་ལྔ་ལྷག་ཙམ་རིང་སྲིད་ཇུས་རྒྱུན་མཐུད་བྱེད་ཚད་མུ་མཐུད་ལག་བསྟར་བྱེད་མགྱོགས་སུ་བཏང་ཡོད།

    ཕྲུ་གུ་ཚོར་རྒྱུགས་ཤར་གློད་པའི་དུས་ཚོད་སྤྲད་དེ་ལུས་རྩལ་སློབ་ཚན་ཡག་པོ་གཉེར་རྒྱུ་ནི་འགག་རྩ་ཡིན།

    《དུས་རབས་གསར་པའི་སློབ་གྲྭའི་ལུས་རྩལ་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང《བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་དང་ཚོད་འཛིན་གྱི་འོད་སྣང་བྱ་སྤྱོད་ལས་དོན་གྱི་ཇུས་གཞི(2021ལོ་ནས་2025ལོ་བར)》 《ཆུ་ཚད་དེ་བས་མཐོ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་སྤྱི་པའི་ཞབས་ཞུའི་མ་ལག་གཏོད་རྒྱུའི་སྐོར་གྱི་བསམ་འཆར》སོགས་ཀྱི་ཡིག་ཆའི་ནང་། རྨང་གཞིའི་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭར་ཉིན་ལྟར་ལུས་རྩལ་སློབ་ཚན་ཐེངས་1བཀོད་སྒྲིག་བྱ་རྒྱུའི་ལྕག་སྐུལ་བྱས་པ་རེད།

    ཅི་ལིན་ཞིང་ཆེན་གྱིས་སྔར་ཡོད་ལུས་རྩལ་སློབ་ཚན་གྱི་དུས་ཚོད་དང་སྔ་དྲོ་དང་ཕྱི་དྲོའི་སློབ་གསེང་ཆེན་པོར་འགྱུར་ལྡོག་མི་ཡོང་བའི་འགན་ལེན་བྱས་ཏེ། ལོ་རིམ་དང་པོ་ནས་གཉིས་པ་བར་གཟའ་འཁོར་རེར་ལུས་རྩལ་སློབ་ཚན་ཐེངས་1དང་། ལོ་རིམ་གསུམ་པ་ནས་དགུ་པའི་བར་གཟའ་འཁོར་རེར་ལུས་རྩལ་སློབ་ཚན་ཐེངས་2མང་དུ་བཏང་བ་དང་། ཀོང་ཏུང་ཧྲེན་ཀྲེན་གྲོང་ཁྱེར་གྱི་ཆུས་དང་སློབ་གྲྭ་མང་པོ་ཞིག་གིས་མིས་ཐབས་རིག་ནུས་ཀྱི་ལག་རྩལ་དེ་སློབ་ཚན་ནང་མཉམ་འདྲེས་བྱས་ནས་རང་གཤིས་ཅན་གྱི་ལུས་རྩལ་སློབ་ཁྲིད་མཁོ་འདོན་བྱས་པ་ལ་སོགས་རེད།

    ལུས་རྩལ་སློབ་ཚན“བྱ་སྤྱོད་དངོས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱས་པ”དང་སློབ་ཕྱིའི་ཕྱོགས་བསྡུས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་བཞིན་ཡོད།

    《སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད(2024ལོ་ནས་2035ལོ་བར)》ནང་། “སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཉིན་རེའི་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོའི་དུས་ཚོད་ཆུ་ཚོད་2ལས་ཉུང་མི་རུང”ཞེས་བཏོན་ཞིང་། ས་ཆ་མང་པོ་ཞིག་གིས་གཅིག་རྗེས་གཉིས་མཐུད་ངང་ཡིག་ཆ་བཀྲམ་པ་དང་། སློབ་གསོ་པུའུ་ཡིས“སློབ་གྲྭའི་ནང་དང་སློབ་གྲྭའི་ཕྱི་རོལ་ཟུང་འབྲེལ་བྱས་ནས་ཉིན་ལྟར་ཆུ་ཚོད་2སྦྱོང་བརྡར་བྱེད་དགོས་པའི”གྲོས་འགོ་བཏོན་ཡོད།

    “ཆུ་ཚོད་གཉིས”ཀྱི་སྒྱུར་བཅོས་དེ་ས་གནས་མང་པོ་ཞིག་ཏུ་ཚོད་ལྟ་བྱས་ཤིང་། ཧྲན་ཏུང་དང་ཧྥུའུ་ཅན་སོགས་ཀྱིས་སློབ་གསེང་གི་དུས་ཚོད་སྐར་མ་10ནས་སྐར་མ་15བར་རིང་དུ་བཏང་བ་དང་། ཅང་སུའུ་དང་ཧུའུ་ནན། ཧའེ་ནན་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་དེའི་རྗེས་སྙེག་བྱས་ཡོད། སློབ་གསེང་གི་དུས་ཚོད་དེ་ཕྲུ་གུ་ཚོར་སྤྲད་པས། དུས་ཚོད་སྐར་མ་བཅོ་ལྔ་དེ་གསོན་ཤུགས་ཀྱིས་ཁེངས་པའི“སྐར་མ་བཅོ་ལྔར”གྱུར་ཡོད།

    སློབ་ཚན་གྱི་རེའུ་མིག་གཅིག་ནས་སློབ་གྲྭའི་རྒྱུན་རྣམ་ལ་ལྟ་བ། པེ་ཅིང་གྲོང་ཁྱེར་ཅིང་ཀྲུང་ཁྲོམ་གཞུང་སློབ་ཆུང་གི་འཛིན་གྲྭ་ཞིག་གི་སློབ་ཚན་རེའུ་མིག་ལ་ལྟ་སྐབས། དེ་སྔ་རེས་གཟའ་མིག་དམར་དང་རེས་གཟའ་ལྷག་པར་ལུས་རྩལ་སློབ་ཚན་མེད། འདི་ལོ་ཚུན་དུ་ཉིན་ལྟར་སློབ་ཚན་1བཀོད་སྒྲིག་བྱས་ཡོད་པ་དང་། སློབ་ཚན་གྱི་མིང“ལུས་རྩལ་དང་བདེ་ཐང”ཞེས་བསྒྱུར་ཡོད། སློབ་ཚན་གྱི་རེའུ་མིག་གསར་པའི་ནང་སློབ་ཚན་གྱི་དུས་ཚོད་བཀོད་སྒྲིག་ལེགས་སུ་དང་སློབ་གྲྭའི་སློབ་གཉེར་གྱི་འདུ་ཤེས་ལ་འགྱུར་ལྡོག་བཏང་ཡོད་པ་སྟེ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་སློབ་མའི་གཟུགས་གཞི་ཐང་དུ་གཏོང་ཆེད་ལུས་རྩལ་སློབ་ཚན་གཅིག་ཀྱང་སློབ་ཚན་གཞན་གྱིས་བཟུང་ཆོག་གི་མེད།

    གོམས་གཤིས་བཟང་པོ་ཞིག་འཇགས་མིན་ཁྱིམ་བདག་ལ་ཐུག་ཡོད། “ཕ་མས་བུ་ཕྲུག་ལ་བྱམས་པ་ནི་ཕུགས་ལ་དམིགས་དགོས” ཁྱིམ་བདག་དེ་བས་མང་བས་ལུས་རྩལ་སློབ་ཚན་ལ་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད། “ཕྲུ་གུས་སྐབས་འགར་གློག་སྐས་སྒུག་སྐབས་ཀྱང་གཟུགས་པོར་སྦྱོང་བརྡར་བྱེད་ཀྱི་འདུག”ཁྱིམ་བདག་ཨ་ཅག་ཝང་ལགས་ཀྱིས་རང་འགུལ་ངང་ལུས་སྦྱོང་བྱེད་པའི་འདུ་ཤེས་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་འདུག “ནར་མ་སོན་བར་དང་ལས་ཀ་མ་རག་པའི་བར་ལུས་སྦྱོང་གི་གོམས་གཤིས་འཇགས་རྒྱུ་སྒུག་ནས་སྡོད་རྒྱུ་མེད”ཅེས་བརྗོད།

    རྒྱུགས་ལེན་གཅིག་སློབ་གསོའི་ཁོར་ཡུག་ལ་བསྟུན་དགོས། ལུས་རྩལ་གྱི་གནས་བབ་མཐོ་རུ་གཏོང་བ་དེ་སློབ་གསོའི་གདེང་འཇོག་སྒྱུར་བཅོས་ནས་འགོ་འཛུགས་དགོས། པེ་ཅིང་གི་འབྲིང་རྒྱུགས་སྐབས་ལུས་རྩལ་གྱི་སྤྱིའི་སྐར་གྲངས་དེ་སྐར་མ་40ནས་སྐར་མ་50བར་སྤར་བ་དང་། བརྒྱུད་རིམ་རང་བཞིན་གྱི་དཔྱད་ཞིབ་ཀྱིས་སྐར་མ་20ཟིན་གྱི་ཡོད། 2027ལོ་དང་2029ལོར་སྐར་མ་60དང་སྐར་མ་70བར་སྤོར་རྒྱུ་རེད།

    སློབ་གསོ་མཁས་ཅན་ཡེ་ཧྲེང་ཐའོ་ཡིས“སློབ་གསོ་ནི་ཞིང་ལས་ལྟ་བུ་ཡིན་པ་ལས་བཟོ་ལས་ལྟ་བུ་མིན”ཞེས་དཔེ་འཇོག་མྱོང་ཡོད། དེ་ཐོག་ནས་སློབ་ཁྲིད་མི་སྐྱོང་གི་ངོ་བོ་གསལ་བཤད་ཐུབ་པ་སྟེ། ལོ་ཏོག་འདེབས་པ་ལྟར་ཆོས་ཉིད་ལ་བརྩི་འཇོག་དང་རྨོ་འདེབས་ལ་མཐོང་ཆེན་བྱེད་དགོས་པ་ལྟར་རེད།

    སློབ་ཆུང་ལོ་རིམ་གསུམ་པ་ནས་དྲུག་པའི་བར་གྱི་སྦྱོང་ཚན་འབྲི་བའི་དུས་ཚོད་སྐར་མ་60ལས་བརྒལ་མི་རུང་བ་དང་དམའ་འབྲིང་གི་སྦྱོང་ཚན་འབྲི་བའི་དུས་ཚོད་སྐར་མ་90ལས་བརྒལ་མི་རུང་། གློག་རྡུལ་ཐོན་རྫས་སྤྱད་དེ་སློབ་ཁྲིད་བྱེད་པའི་དུས་ཡུན་དེ་རྩ་དོན་ཐོག་སློབ་ཁྲིད་དུས་ཡུན་བསྡོམས་འབོར་གྱི་30%ལས་བརྒལ་མི་རུང་བ་སྟེ། “གཉིས་ཡང”ལ་དམ་འཛིན་ནན་པོ་བྱེད་པ་དང་རྒྱང་སྒྲིབ་སྔོན་འགོག་དང་ཚོད་འཛིན་བྱས་ནས་བྱེད་ཐབས་རེ་རེ“ལོ་བརྒྱའི་ཇུས་ཆེན”གྱི་དུས་ཡུན་རིང་པོ་ནས་འགོ་བརྩམས་ཏེ། བདེ་ཐང་ཨང་དང་པོ་ཡིན་པའི་མཐའ་འཁྱོངས་བྱེད་པའི་སློབ་གསོའི་འདུ་ཤེས་བརྒྱུད་སྤྲོད་བྱས་ཡོད།

    “ལུས་སྦྱོང་མང་ཙམ་བྱས་ན། ‘རྒྱགས་པ་ཆགས་མཁན’དང‘མིག་ཤེལ་འདོགས་མཁན’ཉུང་དུ་འགྲོ་བ”དང་། “ཕྲུ་གུ་ཚོ་འཚར་ལོངས་ཡག་པོ་བྱུང་ན་དེ་ནི་ང་ཚོའི་འདུན་པ་ཆེ་ཤོས་ཡིན་པ” “སྤྱི་ཚོགས་ཡོངས་སུ་ཚན་རིག་དང་མཐུན་པའི་ཤེས་ལྡན་པའི་ལྟ་བ་དང་། འཇོན་ཐང་ཅན་དུ་གྱུར་པའི་ལྟ་བ། སློབ་གསོའི་ལྟ་བ་བཅས་འཛུགས་དགོས་པ”ལ་སོགས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་སྲིད་ཇུས་རྒྱུན་མཐུད་དོན་འཁྱོལ་ཏན་ཏིག་བྱས་ཏེ་སྡོང་ཕྲུག་རེ་རེ་ཀ་རྟེན་དུ་གསོ་སྐྱོང་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།