སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་ལ།
སློབ་གསོ་པུའུ་ཡིས་ལྟ་སྐུལ་ཞིབ་བཤེར་དང་དཔྱད་བསྡུར་དཔྱད་ཞིབ་ཀྱི་རྩིས་ཐོའི་དོ་དམ་ཚད་ལྡན་དུ་གཏོང་རྒྱུ་ཡིན་པ།
ཉེ་ཆར། སློབ་གསོ་པུའུ་ཡིས《སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་སློབ་གསོ་མིན་པའི་སློབ་ཁྲིད་ཀྱི་ཁུར་པོ་སྔར་བས་ཡང་དུ་གཏོང་བའི་བྱེད་ཐབས་འགའ་ཞིག་སྐོར་གྱི་བརྡ་ཐོ》བཏང་ནས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ཤིང་། བརྡ་ཐོའི་ནང་སྤྱི་ཚོགས་ལས་དོན་སློབ་གྲྭར་སྤེལ་བའི་མིང་ཐོ་དཀར་པོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དགེ་སློབ་ལ་སློབ་གསོ་སློབ་ཁྲིད་དང་འབྲེལ་བ་མེད་པའི་བྱེད་སྒོར་བཙན་ཤེད་ཀྱིས་ཞུགས་དགོས་པའི་བླང་བྱ་གཏན་ནས་འདོན་མི་རུང་ལ་དགེ་རྒན་ལ་ཆུ་བོ་སྐོར་གཡེང་དང་ནགས་ཚལ་སྲུང་སྐྱོབ་དང་། ཁྲོམ་གཞུང་དུ་ལས་འགན་སྒྲུབ་པ། གྲོང་གཏོད་ཀྱི་རྟེན་འབྲེལ་མཛད་སྒོ། འཁྲབ་སྟོན་འགྲེམས་སྟོན་སོགས་སློབ་གསོ་དང་སློབ་ཁྲིད་མིན་པའི་ལས་འགན་འཁུར་དུ་འཇུག་མི་རུང་། ཐོ་བཀོད་ཤུལ་བཞག་དང་ཐོ་བཀོད་ཕྱོགས་སྡོམ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཞིབ་བཤེར་རྩིས་ལེན་བྱེད་སྒོ་གཏན་འགོག་བྱེད་པ་དང་། དེའི་ནང་ཞུགས་པའི་གནས་ཚུལ་དང་དཔྱད་ཞིབ་ལེགས་འདེམས་ཟུང་འབྲེལ་བྱེད་མི་ཆོག་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
བརྡ་ཐོའི་ནང་བཏོན་དོན། སློབ་གྲྭ་དང་དགེ་རྒན་དང་འབྲེལ་བ་ཡོད་པའི་ལྟ་སྐུལ་ཞིབ་བཤེར་དང་དཔྱད་བསྡུར་དཔྱད་ཞིབ་ཀྱི་རྩིས་ཐོའི་དོ་དམ་ཚད་ལྡན་དུ་གཏོང་བ་དང་ལྟ་སྐུལ་ཞིབ་བཤེར་དང་དཔྱད་བསྡུར་དཔྱད་ཞིབ་དོན་ཚན་གྱི་ལོ་འཁོར་གྱི་རྩིས་ཐོའི་དོ་དམ་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། ལོ་ལྟར་གྱི་ལོ་འགོར་སློབ་གསོ་པུའུ་ལ་ཐོ་འགོད་སྙན་སེང་ཞུ་བ་ལས་རྩིས་ཐོའི་ནང་བཅུག་མེད་པའི་ལས་དོན་ཚང་མ་སྤེལ་མི་ཆོག དཔེ་སྟོན་གཏོད་པ་དང་། “སྤ་སེ་གཅིག་གིས་ཕྲུ་སློག་པ”འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་སོགས་ཀྱི་བྱ་བ་གང་འདོད་དུ་བཀོད་སྒྲིག་བྱེད་མི་ཆོག་པ་དང་། བརྟག་ཞིབ་དང་། དཔྱད་དཔོག མཛུབ་ཁྲིད། ལྟ་ཞིབ་ཚད་ལེན་སོགས་ཀྱི་མིང་ཐོག་ནས་རྣམ་པ་བསྒྱུར་ཏེ་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་རྒྱུ་གཏན་འགོག་བྱེད་དགོས།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་སྐོང་འཐེན་དང་བཀོལ་སྤྱོད་བྱེད་པའི་དོ་དམ་ནན་དུ་གཏོང་དགོས་ཤིང་། གོང་རིམ་ལས་ཁུངས་དང་ཚན་པས་རྩ་དོན་ཐོག་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་སྐོང་འཐེན་བྱེད་མི་ཆོག་པ་དང་། ལས་ཀའི་ཆེད་ལས་ཚན་ཁག་དང་། འཛིན་གྲྭ་དང་མཉམ་དུ་སློབ་སྦྱོང་བྱེད་པ། སྤེལ་རེས་དང་སྦྱོང་བརྡར་སོགས་ཀྱི་མིང་ཐོག་ནས་རྣམ་པ་བསྒྱུར་ཏེ་སྐོང་ཐེན་བྱེད་མི་ཆོག
གཞན་ཡང་། བརྡ་ཐོའི་ནང་བླང་བྱ་བཏོན་དོན། དགེ་རྒན་གྱི་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུ་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུ་དེ་ངེས་པར་དུ་སློབ་ཁྲིད་ཉིན་དང་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སློབ་ཚན་དང་སློབ་གྲྭའི་སློབ་ཁྲིད་འཆར་གཞི་ལེགས་གྲུབ་བྱས་རྗེས་བཀོད་སྒྲིག་བྱེད་དགོས་པ་དང་། མཇུག་འགྲིལ་བའི་དུས་ཚོད་ཀྱང་ས་གནས་དེ་གའི་རྒྱུན་གཏན་གྱི་ལས་ཀ་གྲོལ་བའི་དུས་ཚོད་དང་འབྲེལ་མཐུད་ཡག་པོ་བྱེད་དགོས་པ་ལས། གང་འདོད་ལྟར་ཁྱབ་ཁོངས་ཆེ་རུ་གཏོང་མི་ཆོག
འབྲེལ་ཡོད་གསར་འགྱུར།