མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་དེ་སྔའི་རིམ་པ་དང་པོའི་སྐོར་གཟིགས་པ་སུན་ལི་མིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕུད་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཟླ་11ཚེས་12ཉིན་བརྡ་ཁྱབ་བཏང་བ་ལྟར་ན། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་དེ་སྔའི་རིམ་པ་དང་པོའི་སྐོར་གཟིགས་པ་སུན་ལི་མིང་གི་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་ལ་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
བརྟག་དཔྱད་བྱས་པ་བརྒྱུད། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཡིན་པའི་སུན་ལི་མིང་ཕུགས་བསམ་དང་དད་སེམས་ཉམས་པ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་ནས་ཏང་ལ་ལྷག་བསམ་རྣམ་དག་དང་གཞུང་དྲང་མི་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མི་འདང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་ནས་སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་བླངས་པ། གཞུང་དོན་དྲང་གཞག་ལག་བསྟར་ལ་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་ལེན་བྱེད་པ། དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱི་འཁོར་རིགས་གཡར་བ། རྩ་འཛུགས་ཀྱི་རྩ་དོན་དང་རྒྱབ་འགལ་བྱས་ནས་ལས་བྱེད་པའི་གོ་གནས་སྤོར་བའི་ལས་དོན་སྐབས་གཞན་ལ་ཁེ་ཕན་དོན་གཉེར་བྱེད་པ། མི་སྒེར་གྱི་འབྲེལ་ཡོད་གནད་དོན་སྙན་སེང་དྲང་པོ་མི་ཞུ་བ། ལས་གྲྭའི་རྣམ་གྲངས་འགན་གཙང་སྤྲོད་ལེན་ལ་ཐེ་ཇུས་བྱེད་པ། རྣམ་གྲངས་ལག་ལེན་བསྟར་བའི་ལས་དོན་ཁྲོད་ལས་འཛོལ་དང་འགན་འཁྲི་ཤོར་ནས་ཤུགས་རྐྱེན་ངན་པ་བཟོས་པ། གཞུང་གི་དབང་ཆ་སྒེར་གྱི་ཁེ་ཕན་དོན་གཉེར་བྱེད་པའི་ལག་ཆར་བརྩིས་ཏེ། རྒྱུ་དབང་ཉོ་ཚོང་ཤུགས་ཆེན་བྱེད་པ་དང་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ལས་གྲྭའི་རྣམ་གྲངས་འགན་གཙང་སྤྲོད་པ་སོགས་ཀྱི་ཐད་ནས་ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་ཡོད་པ་རེད།
སུན་ལི་མིང་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་ལས་གནས་ཀྱི་ཁྲིམས་འགལ་ཚབས་ཆེན་བྱས་པ་མ་ཟད། ལྐོག་རྔན་བླངས་པའི་དོགས་གཞི་ཡང་ཡོད་པ་རེད། དེས་མ་ཚད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ཡང་མཚམས་དང་ཚོད་མ་བྱས་པས། དེའི་ངོ་བོ་ཚབས་ལྕི་བ་དང་ཤུགས་རྐྱེན་ངན་པ་བཟོས་ཡོད་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་མཚོ་སྔོན་ཞིང་ཨུད་ལ་ཆོག་མཆན་སྤྲོད་རྒྱུའི་སྙན་སེང་ཞུས་པ་བརྒྱུད། སུན་ལི་མིང་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་དང་། མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པ་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་། དེའི་ཉེས་གསོག་དོགས་ཡོད་ཀྱི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་ལ་རྩིས་སྤྲོད་རྒྱུ་མ་ཟད། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་ཡང་མཉམ་དུ་རྩིས་སྤྲོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།