སྟོན་བསྡུའི་ལས་ལ་བྲེལ། སེ་འབྲུར་འབྲས་བཟང་སྨིན།
—— ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཁྲང་ཤིའི་གྲོང་ཚོའི་སེ་འབྲུར་ལོ་ལེགས་བྱུང་བའི་སྐོར་བཀོད་པ།

ཁྲང་ཤིས་གྲོང་ཚོའི་གྲོང་མིས་སེ་འབྲུ་འཐོག་བཞིན་པ།
ཁྲང་ཤིས་གྲོང་ཚོའི་སེ་འབྲུ།
སྟོན་ཟླ་བཅུ་པར། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་ཁྲང་ཤིའི་གྲོང་ཚོའི་མུའུ་250ཡི་ཐུའུ་ཉི་སིའི་སེ་འབྲུའི་ལྡུམ་རར་ལོ་ལེགས་ཀྱི་རྣམ་པ་ཁེངས།
“བསམ་ཕྱོགས་མེད་པ”ནས“ཁ་ཕྱོགས་ཡོད་པའི”བར།
“སྔོན་ཆད་གྲོང་ཚོའི་ནང་། མ་རྨོས་ལོ་ཏོག་དང་ནས་མ་གཏོགས་ལོ་ཏོག་གཞན་པ་འདེབས་ཀྱི་མེད་པས། ལོ་ལྟར་ཡོང་འབབ་མང་པོ་གསོག་ཐུབ་ཀྱི་མེད”ཅེས་ཁྲང་ཤིའི་གྲོང་ཚོའི་གྲོང་མི་ནོར་བུ་དབང་འདུས་ཀྱིས་ཕྱིར་དྲན་བྱེད་བཞིན་བཤད། འགྱུར་ལྡོག་དེ་2018ལོར་འགོ་ཚུགས་པ་དང་ཚ་བ་རོང་ཤང་ཏང་ཨུད་དང་སྲིད་གཞུང་གིས་བརྟག་ཞིབ་ཐེངས་མང་བྱས་རྗེས། ཁྲང་ཤིའི་གྲོང་ཚོའི་གནམ་གཤིས་དང་ས་རྒྱུའི་ཆ་རྐྱེན་དང་ཟུང་འབྲེལ་བྱས་ཏེ་ཐུ་ནི་སིའི་སེ་འབྲུ་ཁྱད་ལྡན་ཐོན་ལས་གཙོ་བོར་བརྩིས་ནས་འཕེལ་རྒྱས་གཏོང་རྒྱུའི་ཐག་བཅད་པ་རེད།
“བསམ་བློ་ཡོད་པ་ཙམ་གྱིས་མི་འགྲིག་པར་དངོས་དངོས་རྗེན་རྗེན་གྱི་འགན་ལེན་བྱེད་དགོས” ཚ་བ་རོང་གི་ཤང་ཀྲང་ཧྥེང་ཧུང་ཆང་གིས་གསར་འགོད་པར་ཤང་ཏང་ཨུད་དང་སྲིད་གཞུང་གིས་སྣེ་ཁྲིད་ནས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པ་མ་ཟད། ད་དུང་མ་དངུལ་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་སྟེ། ཆུ་འདྲེན་ཡུར་བུ་གཙོ་བོ་3བསྐྲུན་པ་དང་ཆུ་འདྲེན་སྦུག་དྲ་སྤྱི་ལེ་13བཏིང་པས། སེ་འབྲུའི་ལྡུམ་ར“ཐན་པ་བྱུང་སྐབས་ཆུ་གཏོང་མི་ཐུབ་པའི”དཀའ་གནད་རྩ་བ་ནས་ཐག་གཅོད་བྱུང་ཡོད། ནད་འབུའི་གནོད་འཚེ་སྔོན་འགོག་ཚོད་འཛིན་གྱི་གནོད་མེད་ལག་རྩལ་ནང་འདྲེན་བྱས་པ་དང་ཞིང་ལས་ལག་རྩལ་པ་སྒྲིག་འཛུགས་བྱས་ཏེ། དུས་བཀག་ལྟར་སྒོ་རྩར་ཕྱིན་ནས་མཛུབ་ཁྲིད་བྱས་པ་བརྒྱུད། སེ་འབྲུའི་ནད་འབུའི་གནོད་འཚེ་འབྱུང་ཚད་ཐོག་མའི་25%ནས་ད་ལྟའི་5%མན་དུ་ཆག་ཡོད་ཅེས་བཤད།
“ཉམས་མྱོང་ལ་བརྟེན་པ”ནས“ཚན་རིག་ལ་དང་དོད་བྱེད་པའི”བར།
“གྲོང་མིས་ཐོག་མར་སེ་འབྲུ་འདེབས་སྐབས་ཉམས་མྱོང་ཁོ་ནར་བརྟེན་པས་འབྲས་ཤིང་ལ་ལར་འབྲས་བུ་ཉུང་ཉུང་བཏགས་པ་དང་། ལ་ལའི་འབྲས་བུ་ཆུང་ལ་སྐྱུར་མོ་ཡིན་པ་རེད”ཅེས་འདེབས་འཛུགས་དུད་ཚང་ཨ་ཕང་གིས་བཤད། གྲོང་མིར་རོགས་རམ་བྱས་ནས་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་པར་བྱ་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་རང་འགུལ་ངང་ལག་རྩལ་ཐོན་ཁུངས་སྦྲེལ་མཐུད་བྱས་ཏེ་སྔ་རྗེས་སུ་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་གྲོང་ཚོར་ཐེངས་10གདན་དྲངས་ནས། གྲོང་མིར་འབྲས་ཤིང་འཛུགས་པ་དང་། མེ་ཏོག་དང་འབྲས་བུར་གཡོག་བྱེད་བྱེད་པ། འབྲས་བུར་འགྱིག་ཤོག་གཡོག་པ་སོགས་ཀྱི་ལག་རྩལ་དམར་འཁྲིད་བྱས་པ་རེད།
གྲོང་མི་ཆོས་བསྟན་ལ་འགྱུར་ལྡོག་ཆེ་ཤོས་བྱུང་ཡོད། “སྔོན་ཆད་ངའི་ཁྱིམ་གྱི་མུའུ་5ཡི་སེ་འབྲུའི་ལྡུམ་རར་ལོ་གཅིག་ལ་རྒྱ་མ་1000ལྷག་ཙམ་ལས་བསྡུ་ཐུབ་ཀྱི་མེད། རིགས་གཅིག་མཁས་ཅན་ཕྱོཌ་ནས་ལག་རྩལ་སྦྱངས་རྗེས་ད་ལོ་རྒྱ་མ་5000ཡས་མས་བསྡུ་ཐུབ་པ་མ་ཟད། འབྲས་བུ་ཆེ་ཞིང་མངར་བས་རིན་གོང་ཡང་མཐོ་པོ་རག་བྱུང་། ད་ཆ་གྲོང་ཚོའི་གྲོང་མི་ཚང་མ་ཞིང་ལས་ལག་རྩལ་པ་ཕྱེད་ཀར་གྱུར་པ་དང་། གནད་དོན་འཕྲད་ཚེ་སྔོན་ལ་ལས་དོན་རུ་ཁག་འཚོལ་བའམ་ཡང་ན་རིཌ་གཅིག་མཁས་ཅན་ལ་ཁ་པར་བཏང་སྟེ་སྐད་ཆ་འདྲི་གི་ཡོད་པས། ཚན་རིག་དང་མཐུན་པའི་ཤིང་ཏོག་འདེབས་སྟངས་ལ་ཁོ་ཚོས་ཡིད་ཆེས་བློས་འགེལ་བྱེད་ཀྱི་ཡོད”
“ཚོང་ལམ་ལ་སེམས་ཁྲལ་བྱེད་པ”ནས“རིན་གོང་ཡག་པོ་རག་པའི”བར།
ཁྲང་ཤིའི་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཚེ་རིང་ནོར་བུས“སྔོན་ཆད་ཤིང་འབྲས་སྨིན་ཚེ་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཀྱི་སར་ཡོད་པའི་རྫོང་དང་གྲོང་ཁྱེར་དུ་འཚོང་བར་འགྲོ་དགོས་པས་དཀའ་ལས་ཆེ་བ་མ་ཟད། ད་དུང་རིན་གོང་ཡང་བརྟན་པོ་མེད”ཅེས་བཤད། “སེ་འབྲུ་འཚོང་དཀའ་བའི”གནད་དོན་ཐག་གཅོད་བྱ་ཆེད་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། དབུལ་སྒྲོལ་དུད་ཚང་45བསྡུས་ཏེ་གཅིག་གྱུར་གཡོག་བྱེད་དང་གཅིག་གྱུར་འཐོག་པ་མ་ཟད། ད་དུང་ཁྲོམ་ར་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་རྒྱལ་ཁབ་གློག་དྲ་ཉིང་ཁྲི་གློག་འདོན་ཀུང་སི་སོགས་སྡེ་ཚན་མང་པོ་དང་དེ་བཞིན་ཉིང་ཁྲི་གྲོང་ཁྱེར་ཞིང་ཞོར་ཐོན་རྫས་ཐད་ཚོང་ཁང་དང་རིན་གོང་ཁག་ཐེག་ཉོ་སྒྲུབ་ཀྱི་གྲོས་མཐུན་བཞག་སྟེ། “རིན་གོང་དམའ་ཤོས་སྤྱི་རྒྱ་རེར་སྒོར་14འགན་ལེན་བྱས་པ་དེ་གྲོང་མི་རང་ཉིད་ཀྱིས་སིལ་འཚོང་བྱས་པ་ལས་སྤྱི་རྒྱ་རེར་སྒོར་8ཀྱིས་མང་བ་རག་ཡོད”ཅེས་ཚེ་རིང་ནོར་བུས་དགའ་ཚོར་ངང་བཤད།
མིག་སྔར། ཁྲང་ཤིའི་གྲོང་ཚོའི་སེ་འབྲུ་འཐོག་འགོ་ཚུཌ་ཤིང་། ཁག་དང་པོར་སེ་འབྲུ་སྒམ་1500བཏགས་པ་དང་བསྡོམས་རྒྱ་མ་ཁྲི་1.4ཟིན་ནས་གྲོང་མི་ཚོར་མྱུར་དུ་སེ་འབྲུའི་དངུལ་ཁག་དང་པོ་རག་ཡོད། “ངའི་ཁྱིམ་གྱིས་ད་ལོར་སེ་འབྲུ་སྤྱི་རྒྱ་2500བཙོངས་པར་ཡོང་འབབ་སྒོར་ཁྲི་4ཙམ་ཟིན་པ་དེ་ན་ནིང་ལས་སྒོར་ཁྲི་1ལྷག་ཙམ་གྱིས་མང་བ་བྱུང”ཞེས་ནོར་བུ་དབང་འདུས་ཀྱིས་དངུལ་སྨར་ལག་ཏུ་བཟུང་སྟེ་ངོ་གདོང་ནས་འཛུམ་མདངས་འཕྱུར་བཞིན་དེ་ལྟར་བཤད།
འབྲེལ་ཡོད་གསར་འགྱུར།