སྒྱུར་བཅོས་ཟབ་ཏུ་གཏོང་། ཕྱུག་འགྱུར་ཐབས་ལམ་གཤོང་།
—— ལྷུན་གྲུབ་རྫོང་བྱང་ཁ་ཤང་ཆུ་ཁ་བྱང་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་སྐྱེ་སྟོབས་རབ་ཏུ་འཕེལ་བའི་སྐོར་བཀོད་པ།
“ཁྱིམ་དུ་ས་ཞིང་མུའུ་16ཡོད། མཉམ་ལས་ཁང་ལ་ཞུགས་པ་ནས་བཟུང་། ངལ་ནུས་མི་འདང་བའི་སེམས་ཁྲལ་གཏན་ནས་བྱེད་དགོས་མི་འདུག ལོ་ལྟར་གཟན་རྩྭ་དང་ནས་སོགས་འདེབས་ཀྱི་ཡོད། དེའི་ཐོག་ཞིང་ཕན་ཁ་གསབ་སྣ་ཚོགས་བསྣན་པ་ལོ་རེར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ལེན་རྒྱུ་ཡོད། གྲོང་ཚོ་ཡོངས་ཀྱི་བགོ་འགྲེམས་རྒྱག་པའི་ཚོགས་འདུའི་ཐོག་གྲོང་མི་ཚང་མར་སྒོར་4800རི་བའི་འཁོར་གསུམ་གློག་སྒུལ་སྦག་སྦག་ཅིག་རག་ཡོད། གྲོང་ཚོས་ལོ་ལྟར་དངོས་རྫས་བགོ་བཤའ་བརྒྱབ་ནས་ལོ་མང་སོང་བ་དང་། སྤྲད་པའི་དངོས་པོ་ཡང་ལོ་རེ་ལས་ལོ་རེ་མ་འདས་པར་ཇེ་ལེགས་སུ་འགྲོ་བཞིན་འདུག མང་ཚོགས་ཁྱིམ་གྱི་གཤེར་ཤེལ་བརྙན་འཕྲིན་དང་། འཁྱགས་སྒམ། གོས་འཁྲུད་འཕྲུལ་ཆས། གློག་སྒུལ་སྦག་སྦག་སོགས་མང་ཆེ་བ་ཁེ་སྤོགས་བགོ་བཤའ་བརྒྱབ་ནས་རག་པ་རེད”ཅེས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་ཆུ་ཁ་བྱང་གྲོང་ཚོའི་འདེབས་འཛུགས་དུད་ཚང་ཆེན་པོ་སྟོབས་རྒྱལ་གྱིས་གསར་འགོད་པར་བཤད།
ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་སྲིད་ཇུས་ཀྱི་རོགས་སྐྱོར་འོག གྲོང་ཚོ་ཡོངས་ཀྱི་རྨོ་ཞིང་མུའུ་9100དང་གྲོང་མིའི་དུད་ཚང་161གིས“བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་དང་མཉམ་ལས་དཔལ་འབྱོར”ཟུང་འབྲེལ་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་ལམ་ཞིག་འཚོལ་ཞིབ་བདེ་བླག་ཐུབ་སྟེ། ལྷ་ས་གཙང་པོའི་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་དུ་གྱུར་ཡོད།
ཆུ་ཁ་བྱང་གྲོང་ཚོའི་ཚད་གཞི་མཐོ་བའི་ཡུག་འབྲེལ་ས་ཞིང་དུ་ཞིང་འཕྲུལ་ལྔ་ཡིས་ལྡིར་སྒྲ་གྲགས་བཞིན་རྨོན་པ་བརྒྱབ་ནས་གཉིད་ལ་ཡུར་བའི་ས་ཞིང་ལ་སླར་ཡང་སྐྱེ་སྟོབས་རྒྱས་པར་བྱས། ལེགས་བསྡུས་ཅན་གྱི་གཉེར་སྐྱོང་ལས་དེ་སྔ་ཁ་ཐོར་དུ་ཁྱབ་པའི་ཞིང་ས་ཚང་མ་གཅིག་སྡུད་བྱུང་ནས་འཕྲུལ་ཆས་ཅན་གྱི་ལས་གཉེར་ལག་བསྟར་བྱས་པ་དེས་དཔྱིད་འདེབས་ཀྱི་ལས་ཆོད་ལྡབ་20ཙམ་འཕར་བ་སྟེ། སྔོན་ཆད་ཉིན་གང་ལ་ས་ཞིང་མུའུ་10ལས་རྨོ་ཐུབ་ཀྱི་མེད་མོད། ད་ཆ་ཉིན་གཅིག་ལ་ས་ཞིང་མུའུ་190ལྷག་ཙམ་རྨོ་ཐུབ་ཀྱི་ཡོད་པ་རེད། ཞིང་ས་དེར་སླར་ཡང་ཚེ་སྲོག་གི་མྱུ་གུ་འབུས་པ་དེ་ལས། ཞིང་ལས་དེང་རབས་ཅན་ལས་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་གསལ་པོ་མཚོན་ཡོད།
“2023ལོར་ཆུ་ཁ་བྱང་གྲོང་ཚོ་འདི་ཉིད་ལྷུན་གྲུབ་རྫོང་གི‘3+3’གྱི་ཞིང་འབྲོག་ལས་སྒྱུར་བཅོས་ཚོད་ལྟའི་གྲོང་ཚོར་བདམས་པ་མ་ཟད། ས་ཞིང་མ་རྐང་འཇོག་སྟངས་ལག་བསྟར་བྱས་ཡོད། གྲོང་མིས་རང་ཁྱིམ་གྱི་རྨོ་ཞིང་དག་གྲོང་ཚོས་གཅིག་གྱུར་ཚབ་གཉེར་བྱེད་པར་སྤྲད་ནས་ལོ་མཇུག་ཏུ་མ་རྐང་ལྟར་བགོ་གི་ཡོད། མིག་སྔའི་བར་གྲོང་ཚོ་ཡོངས་ཀྱི་རྨོ་ཞིང་50%ལ་ལེགས་བསྡུས་ཅན་གྱི་དོ་དམ་བྱས་ཡོད། ང་ཚོའི་ཞིང་འཕྲུལ་མཉམ་ལས་ཁང་ལ་དེང་རབས་ཅན་གྱི་ཞིང་འཕྲུལ་སྒྲིག་ཆས་157ལྷག་ཙམ་ཡོད་པ་དང་སྤྱིའི་རྒྱུ་ནོར་སྒོར་ཁྲི་1850ལྷག་ཙམ་ཟིན་པ་མ་ཟད། བརྒྱུད་རིམ་ཧྲིལ་པོ་ཞིང་འཕྲུལ་ཅན་དུ་འགྱུར་ཚད་100%ཟིན་ཡོད”ཅེས་ཆུ་ཁ་བྱང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་ཟླ་བས་སྤོབས་པ་ཆེན་པོས་ངོ་སྤྲོད་བྱས།
གྲོང་མི་ཁྲ་སིལ་ནི་སྒྱུར་བཅོས་དེའི་རླབས་རྒྱུན་ཁྲོད་ཀྱི་ཕན་པ་ཐོབ་མཁན་གྲས་ཤིག་རེད། ཁོང་ཁྱིམ་གྱི་ས་ཞིང་མུའུ་15ཚང་མ་དེང་རབས་ཞིང་ལས་ཀྱི་ཁོངས་སུ་ཞུགས་ཡོད། ཞིང་འཕྲུལ་མཉམ་ལས་ཁང་གི་ཁ་ལོ་བ་ཡིན་པའི་ཁོང་ལ་ཉིན་རེའི་གླ་ཆ་སྒོར་150ཡོད་པ་དང་། ས་ཞིང་གི་ཁེ་སྤོགས་དང་གླ་པ་རྒྱུག་པའི་ཡོང་འབབ་བསྣན་ན། ནང་མི་ལྔའི་ལོ་རེའི་ཡོང་འབབ་སྒོར་ཁྲི་10ལས་བརྒལ་ཡོད།
ཉེ་བའི་ལོ་ཤས་རིང་། ལྷུན་གྲུབ་རྫོང་གིས“ལྷོ་ཞིང་བྱང་འབྲོག”གི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། དེང་རབས་ཞིང་འབྲོག་ལས་རིགས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཤུགས་བརྒྱབ་ནས“ལྷོ་རྩྭ་བྱང་འདྲེན”དང“བྱང་འབྲོག་ལྷོ་སྤོས”བརྒྱུད། རྩྭ་འདེབས་དང་ཕྱུགས་འཚོ་ཟུང་འབྲེལ་དམ་ཟབ་མངོན་འགྱུར་བྱུང་ཡོད་ལ་ཆུ་ཁ་བྱང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡང་དེའི་ཁྲོད་ནས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ཡོད།
ནུས་ཤུགས་ཡོད་རྒུས་གྲོང་ཚོ་ཡོངས་སུ་ཞིང་འཕྲུལ་ཅན་མངོན་འགྱུར་བྱེད་པ་དང་ཆབས་ཅིག ཆུ་ཁ་བྱང་གྲོང་ཚོས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་བཏང་ནས་གཟན་རྩྭ་འདེབས་འཛུགས་བྱ་རྒྱུ་དེ་འགག་གནད་སྒྲོལ་སར་བརྩི་གི་ཡོད་ཅིང་། ས་ཞིང་མུའུ་6800ལ་ཡུག་རྩྭ་བཏབ་ནས་གྲོང་ཚོའི་མཉམ་སྡེབ་ཀྱིས་གཅིག་གྱུར་ཉོ་སྒྲུབ་དང་གཅིག་གྱུར་ཕྱིར་ཚོང་བྱེད་པའི་རྣམ་པ་སྤྱད་དེ། ཐུན་མོང་ཕྱུག་འགྱུར་གྱི་རེ་བས་ཁེངས་པར་བྱས་ཡོད། 2024ལོར་གཟན་རྩྭ་འདེབས་འཛུགས་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་700ལྷག་ཙམ་འཕར་ཡོད། ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་པ་ལས་གྲོང་གསེབ་དར་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
དེ་སྔོན་ཞིང་པ་ཞིང་རྐྱང་ཡིན་པའི་སྐལ་བཟང་གིས་ད་ཆ་ཉིན་རེར་འགྲུལ་རྒྱུན་200ལྷག་ཙམ་ཡོད་པའི་བོད་ཟས་ཟ་ཁང་ཞིག་གཉེར་ཡོད། ཟ་ཁང་ནང་གི་ཇ་བསྲུབས་མའི་དྲི་ཞིམ་དང་སྐུ་མགྲོན་གྱི་དགའ་སྤྲོའི་དགོད་སྒྲས་གྲོང་གསེབ་སྣ་མང་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་ལེའུ་ཞིག་རྩོམ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།