རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་རིང་ལྷོ་ཁ་གྲོང་ཁྱེར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།
གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་ནང་ལྷོ་ཁ་གྲོང་ཁྱེར་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་། མིག་སྔར་སྤོ་མི་རུང་བའི་རིག་དངོས་ཡོངས་བཤེར་ཁག་1516ལེགས་གྲུབ་བྱུང་བ་དང་གསར་དུ་རྙེད་པའི་རིག་དངོས་ཁུལ་624གཏན་འཁེལ་བྱས་པ་དེའི་ནང་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་གྱི་ད་བར་ལོ་2300ལྷག་སོང་བའི་བྲག་བརྐོས་རི་མོ་མང་པོ་སོགས་གསར་རྙེད་ཚུད་ཡོད། མིག་སྔའི་བར་རིག་དངོས་ཁག་860ཡི་གྲངས་གཞི་ལ་ཞིབ་བཤེར་བྱས་ནས་ཞིང་ཆེན་རིམ་པའི་ཡོངས་བཤེར་དོ་དམ་ཁོངས་གཏོགས་སུ་བསྐྱལ་བ་དང་། དེའི་ནང་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་གསུམ་པའི་བསྐྱར་ཞིབ་བྱ་ཡུལ་722ཚུད་ཡོད་པ་རེད།
ད་རེས་ཀྱི་ཡོངས་བཤེར་ནང་ཆེད་ལས་ཀྱི་གྲལ་བཤེར་དང་མང་ཚོགས་ཀྱི་ཁུངས་སྣེ་འདོན་སྤྲོད་ཟུང་འབྲེལ་གྱི་བྱེད་སྟངས་གསར་གཏོད་ངང་སྤྱད་ཡོད། ཡོངས་བཤེར་རུ་མི་བསྟན་འཛིན་བག་གྲོ་ཡིས། སྣ་དཀར་རྩེའི་བྲག་བརྐོས་རི་མོ་མང་པོ་ནི་མང་ཚོགས་ཀྱིས་ཡོངས་བཤེར་དྲིལ་བསྒྲགས་བརྙན་ལམ་ལ་བལྟས་རྗེས་ཁུངས་སྣེ་རང་འགུལ་ངང་སྙན་སེང་ཞུས་པ་ལས་རྟོགས་པ་ཡིན་ཞིང་། དེའི་བྲག་ངོས་ཁག་60ལྷག་གི་ངོས་ཀྱི་ཤ་བ་དང་རྟའི་རི་མོ་ལས་གནའ་བོའི་མེས་པོ་རྣམས་ཀྱི་འཚོ་བའི་རྣམ་པ་གསོན་ཉམས་དོད་པོས་མངོན་ཡོད། ཟླ་11པའི་ཟླ་འགོར། རང་སྐྱོང་ལྗོངས་ཞིབ་བཤེར་ཚོགས་ཆུང་གིས་གོང་དཀར་ཆོས་སྡེ་དགོན་དང་རྫམ་གྱི་བྲག་བརྐོས་རི་མོ་སོགས་ཁག་8ལ་ས་ཡུལ་དངོས་སུ་ཞིབ་བཤེར་རྩིས་ལེན་བྱས་ནས་ལྷོ་ཁ་གྲོང་ཁྱེར་གྱི་ཡོངས་བཤེར་གྲངས་གཞིའི་དོན་དངོས་རང་བཞིན་དང་ཆ་ཚང་རང་བཞིན་ཁས་ལེན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།