ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་རྒྱས་སྡེ་ཁུལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་ལེན་བསྟར་བ།
དངོས་སྒྲུབ་ལག་བསྟར་གྱིས་དམངས་སེམས་དྲོ་བར་བྱས་པ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དར་རྒྱས་སྡེ་ཁུལ་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་སྡེ་ཁུལ་གྱི་ལས་དོན་པ་དང་། རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས། གྲོང་མིའི་འཐུས་མི། གྲོང་མི་གསར་པའི་འཐུས་མི་བཅས་མཉམ་དུ་འཛོམས་ནས། སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་ཟླ་བ་ཚེ་རིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པར་ནན་ཏན་ངང་ཉན། “ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་བུའི་ཐོག་བསྐྱོད་ནས། སྤྱི་ཚོགས་གསོན་ཤུགས་ཆེ་ཞིང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི》ནང‘སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ’དང‘སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི’ཐད་བཀོད་སྒྲིག་གསལ་པོ་བྱས་ཡོད།
“སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི”སྐོར་གྱི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་ཆེད། དར་རྒྱས་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ཁྲིད་སྟོན་དུ་བྱེད་པ། “རྒན་རྒོན་གཅིག་དང་། བྱིས་པ་གཅིག དམིགས་བསལ་གཅིག”བཅས་ཀྱི་ཚོགས་སྤྱི་དང་དེ་བཞིན་ཡོང་འབབ་དམའ་བའི་མི་ཚོགས་དང་། ཕྱི་ནས་ཡོང་བའི་ལས་མི། ལས་ཞུགས་ཀྱི་ཚོགས་སྤྱི་གསར་པ་བཅས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ལ་དམིགས་ནས“བྱེད་ཐབས་ཆུང་ངུ་དྲུག་གིས་གྲོང་པ་ཁྱིམ་མཚེས་ལ་དྲོ་སྐྱིད་སྦྱིན་པའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་ཡོད་པ་རེད།
དར་རྒྱས་སྡེ་ཁུལ་གྱིས“ནད་གཞི་ཕྲན་བཅོས་དང་། བཅོལ་ཉར་ཆུང་ངུ་། གཟིགས་སྐྱོང་ཕྲན་བུ། འདུམ་སྒྲིག་ཆུང་ངུ་། བྱེད་སྒོ་ཆུང་ངུ་། ཉམས་གསོ་ཆུང་ངུ་བཅས་ཀྱི“སེམས་དྲོད་བྱེད་ཐབས་ཁག་དྲུག”སྤྱད་ནས་མང་ཚོགས་ཉེ་འགྲམ་གྱི“དཀའ་གནད་ཆུང་ངུ”བསལ་བ་དང་། “དགོས་མཁོ་གནད་སྨིན་དམ་འཛིན་དང་། ཞབས་ཞུ་ནུས་ཆེ་སྦྲེལ་མཐུད། ཕན་འབྲས་རྒྱུན་མཐུད་རྗེས་སྙེག”བཅས་ཀྱི་གཞི་རིམ་གྱི་བཅོས་སྐྱོང་གདུབ་ཟུམ་མ་ལག་བཏོད་པ། མི་རིགས་ཁག་གི་མང་ཚོགས་ཚོས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་ཀྱི་བརྩེ་སེམས་སྦྲེལ་ཐག་བཏོད་ཡོད་པ་རེད།
དར་རྒྱས་སྡེ་ཁུལ་གྱིས“བདེ་ཐང་ནི་དམངས་འཚོ་ཆེ་ཤོས་ཡིན་པ”གསལ་པོར་རྟོགས་ནས“རྒྱུན་རྣམ་ཅན་གྱི་ཞབས་ཞུ་དང་གནད་སྨིན་ཅན་ཟུང་འབྲེལ་གྱི་གཟིགས་སྐྱོང”ལྟེ་བར་བྱས་ཏེ། གཙོ་གནད་ཚོགས་སྤྱིར་ཁྱབ་པའི་བདེ་ཐང་ཞབས་ཞུའི་དྲ་རྒྱ་བསྐྲུན་ཞིང་། ཕྱོགས་གཅིག་ནས“སྡེ་ཁུལ+ཁོངས་གཏོགས་ཁུལ་གྱི་སྨན་ཁང”གི་མཉམ་འགུལ་ལམ་སྲོལ་གཏིང་ཟབ་ཏུ་བཏང་ནས་དུས་ཚིགས་ཚང་མར་བརྗོད་དོན་གཙོ་བོའི་འོས་འགན་སྨན་བཅོས་ཐེངས་གཅིག་བྱས་ཏེ། ཁྲག་ཤེད་ལྟ་བ་དང་། ཁྲག་མངར་ལྟ་བ། ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་འདྲི་བརྟག་སོགས་ཀྱི་རྣམ་གྲངས་བཀོད་སྒྲིག་བྱས་པ་དང་། ལས་དོན་པས་དྲ་རྒྱའི་ཚོགས་པར་བརྡ་ཐོ་བཏང་བ་དང་དུད་ཚང་དུ་བསྐྱོད་ནས་འཚམས་འདྲི་སོགས་བརྒྱུད་སྔོན་ལ་རྒན་རྒོན་དང་། ཡོང་འབབ་དམའ་བའི་ཁྱིམ་ཚང་། ཕྱི་ནས་ཡོང་མཁན་ལས་མི་བཅས་ལ་བློ་འདྲིའི་དུས་ཚོད་སྔོན་འཇོག་བྱས་པ། ས་གནས་ས་ཐོག་ཏུ་གེགས་མེད་བགྲོད་ལམ་བཙུགས་ནས་འགྲོ་སྐྱོད་སྟབས་བདེ་མེད་པ་རྣམས་ནད་གཞི་ལྟ་བར་སྟབས་བདེ་བསྐྲུན་ཡོད། ཕྱོགས་གཞན་ཞིག་ནས“དུས་བཀག་ཞབས་ཞུ+འགུལ་རྣམ་ལྟ་ཞིབ་ཚད་ལེན”གཉིས་འགན་སྲུང་བྱས་ཏེ། ལོ་ན་མཐོ་བ་དང་འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་དང་དེ་བཞིན་ཡུན་རིང་ཕྱིར་ལས་ཀ་བྱེད་མཁན་བཅས་ལ་ཆེད་དོན་གྱི་བདེ་ཐང་ཡིག་ཚགས་བཟོས་པ་དང་། རིག་ནུས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་བསྒར་བ། སྨན་དོན་པས་ཟླ་རེར་ཁྱིམ་དུ་འཚམས་འདྲི་བྱས་པ་མ་ཟད། ད་དུང་ས་མཐོའི་རྒྱུན་མཐོང་ནད་གཞི་འགོག་བཅོས་ལ་མཛུབ་ཁྲིད་ཀྱང་བྱས་ཡོད།
དར་རྒྱས་སྡེ་ཁུལ་གྱིས“སྐར་མ་བཅུའི་འཕྲལ་སྡོམ་དང་ལེན”དམིགས་ཚད་དུ་བྱས་ཏེ། “ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་། ཏང་ཡོན་གྱི་ལྟེ་བའི་དུད་ཚང་། དྲ་མིག་པ། “བྱ་ཁུ་བྱུག་གིས་དྲིལ་བརྡ་གཏོང་བའི”ཞབས་ཞུ་རུ་ཁག་གི་དང་བླངས་པ་བཅས་ལས་གྲུབ་པའི“སྙིང་ཉེའི་ཁྱིམ་འཛིན་པའི”དཔུང་ཁག་བཙུགས་པ་དང་། ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང“གཅིག་གཏད་གཅིག”དང“མང་གཏད་གཅིག”གི་སྦྲེལ་མཐུད་ལམ་སྲོལ་བཙུགས་པ། ཚབ་ཉོ་ཚབ་སྒྲུབ་དང་། ཆུ་གློག་འབར་རླངས་བཅས་ཀྱི་གྲོན་དངུལ་ཚབ་འཇལ། འཕྲལ་སྡོམ་རོགས་སྐྱོབ་སོགས་ཀྱི་ཞབས་ཞུ་བསྒྲུབས་ཡོད།
མི་ཧྲེང་རྒན་རྒོན་ཆོས་དབྱིངས་ལ་གློ་བུར་དུ་གཟུགས་པོ་མི་བདེ་བ་བྱུང་བས་འཕྲལ་དུ་དྲ་མིག་པར་རོགས་སྐྱོབ་རེ་ཞུ་བྱས། སྡེ་ཁུལ་གྱིས་མྱུར་དུ་འཕྲལ་སྡོམ་རོགས་སྐྱོར་གྱི་ལམ་སྲོལ་སྤྱད་ནས་ལས་དོན་པ་རྒན་རྒོན་གྱི་ཁྱིམ་དུ་མངགས། སྨན་ཁང་དུ་སྡོད་པའི་གསལ་ཐོ་དང་བསྡུར་ནས་ཐོབ་ཐང་ལག་ཁྱེར་དང་། སྨན་བཅོས་འགན་བཅོལ་གཱ གྱོན་ཆས་བརྗེ་ལེན། རྒྱུན་གཏོང་སྨན་བཅས་བསྡུ་གསོག་བརྒྱབ་པ་མ་ཟད། ད་དུང“གེཌ་མེད་སྨན་བཅོས་བགྲོད་ལམ”བརྒྱུད་ཨང་ཀི་བཀག་པ་དང་། གྲོན་དངུལ་འཇལ་བ། བརྟག་དཔྱད་བྱེད་པ་བཅས་བྱེད་རོགས་བྱས་ཡོད།
“སྡེ་ཁུལ་གྱི་ཞབས་ཞུས་གནད་དོན་ཆུང་ངུ་ཐག་གཅོད་བྱེད་དགོས་པ་མ་ཟད། ད་དུང་ཐག་གཅོད་ཡག་པོ་བྱེད་དགོས”དོག་སྡེ་ཁྲོམ་གཞུང་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ལི་ཧྲི་ཁུན་གྱིས“གོམ་སྟབས་རྗེས་མར། ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་རྒྱུན་གཏན་གྱི་ཞབས་ཞུའི་ནང་ཁྱབ་པར་བྱེད་པ་དང་། ཞབས་ཞུའི་ལམ་སྲོལ་རྒྱུན་མཐུད་ལེགས་སུ་གཏོང་བ། ཁྱབ་རྒྱ་ཆེ་རུ་གཏོང་བ། ཞབས་ཞུ་རྒྱུན་རྣམ་ཅན་དང་། ཞིབ་ཕྲ་ཅན། ཆེད་ལས་ཅན་བཅས་ལ་སྐུལ་འདེད་གཏོང་བ། ལས་ཀ་དོན་འཁྱོལ་ཞིབ་ཕྲ་བཅས་བྱས་ནས། སྡེ་ཁུལ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་སྐྱིད་སྣང་དོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།