དམངས་ཕན་སྲིད་ཇུས་ལ་གོ་ནོར་ཐེབས་ཚད་ཉུང་དུ་ཇི་ལྟར་གཏོང་དགོས་སམ།
འབྲེལ་ལམ་སྨྱན་སྦྱོར་ཐོག་རྒྱུན་དུ“སྨན་བཅོས་འགན་བཅོལ་གྱི་དངུལ་གྲངས་ལོ་མཇུག་ཏུ་གཙང་སེལ་བྱེད་ཀྱི་རེད”ཅེས་པའི་བཤད་ཚུལ་དར་ཁྱབ་ཆེ་ཞིང་། དུས་ཚོད་ངེས་ཅན་ཞིག་ཕྱིན་ཡང་མི་འགའ་ཞིག་གིས་སླར་ཡང་དེའི་སྐོར་བརྗོད་ཀྱི་ཡོད། ཉེ་ཆར་ད་དུང“ཁང་བདག་གི་དཔྱ་ཁྲལ་གསར་འཕར”དང“དམངས་ཡོངས་ཀྱི་བཙན་ཤེད་སྤྱི་ཚོགས་འགན་སྲུང”སོགས་སྐོར་གྱི་གནས་ཚུལ་བརྗོད་ཀྱི་ཡོད། གནས་ཚུལ་དེ་དག་བདེན་པ་ཡིན་ནམ།
—— མི་དམངས་དྲ་བའི་དྲ་གྲོགས།
གསལ་པོ་བརྗོད་ན། “སྨན་བཅོས་འགན་བཅོལ་གྱི་དངུལ་གྲངས་ལོ་མཇུག་ཏུ་གཙང་སེལ་བྱེད་ཀྱི་རེད”ཅེས་པའི་བཤད་ཚུལ་ནི་དོན་དངོས་ཐོག་གསལ་པོ་མེད་པ་ཞིག་ཡིན་མོད། འོན་ཀྱང་ལོ་ལྟར་དཀྲོག་གཏམ་ཐེར་འདོན་བྱས་ཀྱང་ལོ་ལྟར་ད་དུང་དཀྲོག་གཏམ་སྤེལ་གྱི་ཡོད། དེ་དང་འདྲ་བའི་དཀྲོག་གཏམ་ད་དུང་མི་ཉུང་བ་ཞིག་ཡོད།
ང་ཚོས་སྔོན་ལ་སྨན་བཅོས་འགན་བཅོལ་གྱི་དོན་དག་གསལ་པོ་བརྗོད་རྒྱུ་སྟེ། གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ནི་སྤྱི་ཚོགས་འགན་བཅོལ་ཞིག་ཡིན་པས། སྲིད་གཞུང་དང་། ཚན་པ། མི་སྒེར་བཅས་སོ་སོས་དངུལ་ཁག་གཅིག་བཏང་ནས་མ་དངུལ་འབོར་ཆེན་ནང་མཉམ་དུ་བཞག་སྟེ་ཚང་མར་སྨན་བཅོས་འགན་སྲུང་བྱེད་ཀྱི་ཡོད། ལམ་ལུགས་ཇུས་འགོད་ཐད“གཙང་སེལ”བྱེད་པའི་སྲིད་ཇུས་རྩ་བ་ནས་མེད།
སྨན་བཅོས་འགན་བཅོལ་ནང་ཞུགས་པ་ནི་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཕན་ཚུན་རོགས་རམ་བྱེད་པ་ཞིག་ཡིན། མི་གཞན་ལ་རོགས་རམ་བྱེད་པ་དང་སྦྲགས། རང་ཉིད་ལ་ཡང་རོགས་རམ་བྱེད་པ་ཞིག་ཡིན།
རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ལས་བཟོའི་སྨན་བཅོས་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གཉིས་སུ་དབྱེ་ཡོད། ལས་བཟོའི་སྨན་བཅོས་འགན་བཅོལ་ལ་མི་སྒེར་གྱི་ཐོ་ཁོངས་དང་སྤྱི་འདོམས་ཐོ་ཁོངས་གཉིས་ཡོད་པ་དང་གྲོང་མིའི་སྨན་བཅོས་འགན་བཅོལ་མང་ཆེ་བ་སྤྱི་འདོམས་ཐོ་ཁོངས་ལ་བརྟེན་ནས་རྩིས་ཞུ་བྱེད་ཀྱི་ཡོད། སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཐོའི་ནང་གི་དངུལ་ཚང་མ་འགན་བཅོལ་ནང་ཞུགས་མཁན་གྱི་ཁོངས་སུ་གཏོགས་པས། རང་ཉིད་ཀྱིས་སྤྱོད་ཆོག་པ་མ་ཟད། ནང་མིས་ཀྱང་མཉམ་དུ་སྤྱོད་ཆོག་པ་དང་ཐ་ན་རྒྱུན་འཛིན་བྱེད་ཆོག
མི་སྒེར་གྱི་རྩིས་ཐོའམ་ཡང་ན་སྤྱི་འདོམས་རྩིས་ཐོ་གང་ཡིན་རུང“གཙང་སེལ”བྱེད་མི་སྲིད།
འགན་བཅོལ་ནང་ཞུགས་མཁན་ཁག་གཅིག“སྨན་བཅོས་འགན་བཅོལ་གྱི་དངུལ་གྲངས་ལོ་མཇུག་ཏུ་གཙང་སེལ་བྱེད་ཀྱི་རེད”ཅེས་པའི་བཤད་ཚུལ་གྱིས་གོ་ནོར་ཐེབས་པ་དང་། གཏན་འཁེལ་སྨན་རྫས་ཁང་ངམ་སྨན་བཅོས་སྒྲིག་གཞི་ཉུང་ཤས་ཤིག་གིས་འགན་བཅོལ་ནང་ཞུགས་མཁན་གྱི“བེད་སྤྱོད་མ་བྱས་ན་གྱོང་གུན་ཐེབས་སྲིད”ཅེས་པའི་སེམས་ཁམས་སྤྱད་དེ་ཁོང་ཚོར་མགོ་སྐོར་བཏང་ནས་འཕྲལ་དུ་སྨན་བཅོས་དང་སྨན་ཉོ་རུ་འཇུག་གི་ཡོད། འདི་ལྟར་བྱེད་དགོས་དོན་མེད་ལ་དེ་ལྟར་བྱས་ཚེ་སྐྱོན་ཆ་ཡོད།
མི་སྒེར་གྱི་ངོས་ནས་བལྟས་ན། སྨན་བཅོས་འགན་བཅོལ་གྱི་ཆ་ཤས་ཤིག་རྩིས་ཞུ་བྱས་ཀྱང་མི་སྒེར་གྱིས་སྔར་བཞིན་ཆ་ཤས་སྤྲོད་དགོས་ཀྱི་ཡོད། སྨན་བཅོས་བྱེད་དྲགས་པའམ་ཡང་ན་སྨན་གསོག་ཉར་བྱས་ན་དུས་ཚོད་འཕྲོ་བརླག་ཏུ་འགྲོ་བ་དང་དངུལ་ཡང་འཕྲོ་བརླག་འགྲོ་ཡི་ཡོད།
སྤྱི་ཡོངས་ནས་བལྟས་ན། མ་དངུལ་འབོར་ཆེན་གྱི་སྤྱི་འདོམས་ཐེབས་རྩ་ནི་འགན་བཅོལ་ནང་ཞུགས་མཁན་ཚང་མའི་སྨན་བཅོས་གྲོན་དངུལ་དང་སྲོག་སྐྱོབ་དངུལ་ཡིན་པས། སྨན་བཅོས་བྱེད་དྲགས་ན་སྨན་བཅོས་ཐོན་ཁུངས་བཟུང་བ་དང་སྨན་བཅོས་འགན་བཅོལ་ཐེབས་རྩ་འཕྲོ་བརླག་འགྲོ་སྲིད་པས་འགན་བཅོལ་ནང་ཞུགས་མཁན་ཚང་མའི་ཁེ་ཕན་ལ་གནོད་འཚེ་ཕོག་ངེས་རེད།
མདོར་བསྡུས་ནས་བརྗོད་ན། “འཕྲལ་དུ་དངུལ་གཏོར་བ”ནི་སྲིད་ཇུས་ལ་གོ་ནོར་ཐེབས་པ་དང“གྱོང་གུན་ཕོག་པར་སྐྲག་པའི”སེམས་ཁམས་ལས་བྱུང་བ་ཞིག་ཡིན། སྨན་བཅོས་འགན་བཅོལ་གྱི“ཕན་ཚུན་རོགས་རམ”གྱི་རྩ་དོན་ལ་གོ་བ་ཡང་དག་ལེན་པ་དང་། དགོས་མཁོ་ལྟར་སྨན་བཅོས་དང་སྨན་ཉོས་ཚེ་མི་སྒེར་གྱི་བདེ་ཐང་དང་རྒྱུ་ནོར་ལ་འགན་འཁུར་བ་ཞིག་རེད།
སྲིད་ཇུས་ཀྱི་ཡིག་ཆ་གཞན་དག་ཁག་གཅིག་ལའང་གོ་ནོར་ཐེབས་པའི་གནས་ཚུལ་ཡོད་པ་སྟེ། དཔེར་ན་དེ་གོང་བཏོན་པའི《སྡོད་ཁང་བོགས་གཏོང་སྲོལ་ཡིག》དང《ངལ་རྩོལ་རྩོད་གླེང་གྱོད་གཞི་ཞིབ་གཅོད་བྱེད་པར་འཚམ་པའི་བཅའ་ཁྲིམས་གནད་དོན་སྐོར་གྱི་འགྲེལ་བཤད(གཉིས)》བཅས་ཡིན།
མི་འགའ་ཞིག་གིས《སྡོད་ཁང་བོགས་གཏོང་སྲོལ་ཡིག》ནང་གི་བོགས་གཏོང་གན་རྒྱ་ཐོ་འགོད་དང་ཆ་འཕྲིན་མཉམ་སྤྱོད་སྐོར་གྱི་གཏན་འབེབས་དེ“ཁང་བདག་གི་དཔྱ་ཁྲལ་གསར་འཕར”དང“ཁང་གླ་འཕར་རྒྱུ”ཞེས་པར་གོ་བ་ལེན་གྱི་ཡོད། དོན་དངོས་ཐོག་སྲོལ་ཡིག་དེ་ཁང་གླའི་ཁྲོམ་རར་དཀའ་ངལ་བཟོ་བའི་ཁང་པའི་ཁུངས་རྫུན་མ་དང་གཏའ་དངུལ་གང་བྱུང་དུ་བཙན་ཉར་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་པ་དང་། དེའི་དམིགས་ཡུལ་ནི་སྡོད་ཁང་བོགས་གཏོང་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་ཆེད་ཡིན་པ་ལས་ཁྲལ་བསྡུའི་ཁུར་པོ་ལྕི་རུ་གཏོང་ཆེད་མིན། མི་སྒེར་གྱིས་ཁང་པ་བོགས་མར་བཏང་ནས་ཐོན་པའི་དཔྱ་ཁྲལ་སྐོར་ལ་ཁྲལ་ཁྲིམས་ནང་སྔ་ས་ནས་གཏན་འབེབས་གསལ་པོ་བྱས་ཡོད།
《ངལ་རྩོལ་རྩོད་གླེང་གྱོད་གཞི་ཞིབ་གཅོད་བྱེད་པར་འཚམ་པའི་བཅའ་ཁྲིམས་གནད་དོན་སྐོར་གྱི་འགྲེལ་བཤད(གཉིས)》ལ་རང་སྨྱན་སྦྱོར་ཁག་གཅིག་གིས“དམངས་ཡོངས་ལ་བཙན་ཤེད”དང“སྤྱི་ཚོགས་འགན་སྲུང་གི་སྒྲིག་སྲོལ་གསར་པ”སོགས་ཀྱི་མཆན་རྟགས་བསྒར་ཡོད། དོན་དངོས་སུ“ཁྲིམས་ལྟར་སྤྱི་ཚོགས་འགན་བཅོལ་དངུལ་འཇལ་བའི”གཏན་འབེབས་ཀྱང་སྔ་ས་ནས་གཏན་འཁེལ་བྱས་ཡོད། ཁྲིམས་འཛིན་འགྲེལ་བཤད་གསར་པས་ཁེ་ལས་ཀྱིས་ཉིན་གང་ལམ་ལུགས་ཀྱི་ངལ་རྩོལ་པར་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་འཇལ་དགོས་པའི་བཅའ་ཁྲིམས་ཀྱི་གཏན་འབེབས་བསྐྱར་བསྒྲགས་བྱས་པ་ཙམ་ཡིན་པ་དང་། ངལ་རྩོལ་པས་དཔལ་འབྱོར་ཁ་གསབ་འདོད་ཚུལ་འཛིན་པའི་གནད་དོན་གྱི་ཁྲིམས་གཅོད་ཚད་གཞི་གཅིག་གྱུར་བྱས་ཡོད།
སྲིད་གཞུང་སྡེ་ཚན་གྱིས་གསལ་འགྲེལ་ལས་དོན་ཡག་པོ་བསྒྲུབས་ནས་དཀྲོག་གཏམ་ལ་དུས་ཐོག་ཏུ་ལན་བརྒྱབ་ཚེ་མང་ཚོགས་ཀྱི་དོགས་གཞི་ལེགས་པར་སེལ་ཐུབ། ཟླ་བ་9པ་ནས་བཟུང་། ཆ་རྐྱེན་དང་མཐུན་པའི་ཀོང་ཏུང་ཧྲེན་ཀྲེན་གྲོང་ཁྱེར་གྱི་ཐེམ་ཁོངས་མིན་པའི་སློབ་ན་མ་སོན་པའི་ཕྲུ་གུ་ཡང་ཧྲེན་ཀྲེན་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཐུབ། ཧྲེན་ཀྲེན་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཧྲེན་ཀྲེན་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཆེད་མངགས་རྩོམ་ཡིག་དང་བརྙན་ཐུང་འགའ་ཡོངས་བསྒྲགས་བྱས་ནས། དུས་ཐོག་ཏུ་གསལ་འགྲེལ་བྱས་ན་ཕན་འབྲས་ཧ་ཅང་ཡག་པོ་ཐོན་ངེས།
གསར་འགྱུར་སྨྱན་སྦྱོར་གྱིས་སྤྱི་ཚོགས་ཀྱི་འགན་འཁྲི་བརྟན་པོར་སྲུང་བ་དང་། རང་རྟོགས་ངང་དབང་གྲགས་ལྡན་པའི་ཆ་འཕྲིན་ཁྱབ་སྤེལ་བྱེད་པ། མང་ཚོགས་ལ་སྲིད་ཇུས་ཀྱི་རྩ་བའི་རིགས་པ་ཁྱབ་གདལ་གཏོང་བ། སྲིད་ཇུས་ནི“ཅི་ཞིག་ཡིན་པ”དང་། དེ་ལྟར་གཏན་འབེབས་བྱེད་དོན“ཅིའི་ཕྱིར་ཡིན་པ” མི་དཀྱུས་མ་རྣམས་ཀྱིས་སྲིད་ཇུས་ལོངས་སྤྱོད“ཇི་ལྟར་བྱེད་དགོས་མིན”བཅས་སྐོར་མང་ཙམ་བརྗོད་པ་དང་། དོན་དངོས་མིན་པའི་དཀྲོག་གཏམ་དུས་ཐོག་ཏུ་ཁ་གསལ་བཟོ་དགོས།
རང་སྨྱན་སྦྱོར་གྱིས་རང་ཉིད་ལ་གཅུན་སྡོམ་བྱས་ཏེ་སྲིད་ཇུས་ལ་གསལ་འགྲེལ་ཡང་དག་བྱེད་པ་ལས་དོན་དངོས་མིན་པའི་ཆ་འཕྲིན་ཁྱབ་སྤེལ་བྱེད་མི་རུང་། ལས་སྟེགས་ཀྱིས་རང་སྨྱན་སྦྱོར་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། འབྲེལ་ཡོད་དཀྲོག་གཏམ་དུས་ཐོག་ཏུ་སེལ་དགོས།
བྱེ་བྲག་ཏུ་ང་ཚོ་སྐྱེ་བོ་མི་རེ་ངོ་རེས་རང་ཉིད་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་ཕན་སྲིད་ཇུས་ལ་རྒྱུས་མངའ་ལོན་ཟབ་ཏུ་བཏང་སྟེ། དབང་གྲགས་ལྡན་པའི་ཐབས་ལམ་ནས་ཆ་འཕྲིན་བསྡུ་ལེན་དང་གསལ་འགྲེལ་བྱེད་ཤེས་དགོས།
གཞན་ཡང་། གལ་པོ་ཆེ་ལ་ནན་ཏན་ཞེས་པ་ལྟར། དོན་དག་གལ་ཆེན་ཡང་དང་བསྐྱར་དུ་དང་རྒྱུན་དུ་ཤོད་དགོས། ལྷག་པར་དུ། སྲིད་གཞུང་སྡེ་ཚན་དང་གསར་འགྱུར་སྨྱན་སྦྱོར་གྱིས་སྔོན་ཆད་བཤད་མྱོང་བས་བསྐྱར་དུ་ཤོད་པའི་དགོས་པ་མེད་སྙམ་མི་རུང་། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་སྲིད་ཇུས་ཀྱི་གསལ་འགྲེལ་རྒྱུན་དུ་ཤོད་པ་དང་། མང་ཙམ་ཤོད་པ། རྒྱུན་དུ་སྤེལ་བ། མང་ཙམ་སྤེལ་བ་བཅས་བྱས་ན་རིན་ཐང་ཆེན་པོ་ཡོད་པས། དབང་གྲགས་ལྡན་པའི་ཆ་འཕྲིན་ཡིན་ཕྱིན་མང་ཚོགས་ཚང་མར་ཤེས་སུ་འཇུག་དགོས།
འབྲེལ་ཡོད་གསར་འགྱུར།