དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧུའུ་ནན་ཧོའེ་ཧྭ་ཡིས་མཉམ་སྡེབ་ནགས་དབང་ལམ་ལུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་རྒྱུན་མཐུད་གཏོང་བ།

    “ལྗང་མདོག་བཅོལ་འཛིན”གྱི་ཕན་འབྲས་དེ་བས་མང་དུ་འགྲོ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  སུན་ཁྲའོ།   |     སྤེལ་དུས།  2025-11-13

    ཞོགས་པར། ཧུའུ་ནན་ཧོའེ་ཧྭ་གྲོང་ཁྱེར་ཐུང་ཏའོ་ཏུང་རིགས་རང་སྐྱོང་རྫོང་ཡུས་ཐོའུ་གྲོང་ཚོའི་ཡུལ་མི་དབྱང་ཐུང་ཧྲན་གྱིས་རྫོང་ནགས་ལས་ཅུས་ཀྱི་བཟོ་སྐྲུན་པ་ལན་ཀྲེན་ཧྲེང་ཁྲིད་ནས་རི་ལམ་དུ་སྐྱོད་ཞོར། རྒྱང་རིང་གི་མུ་མཐའ་མེད་པའི་ནགས་རིར་ལྟ་བཞིན་མཆིས།

    ཡུས་ཐོའུ་གྲོང་ཚོའི་ཡུལ་མིའི་ཚོགས་ཆུང་ཁག་གི་ནགས་ས་ཕན་ཚུན་འདྲེས་ནས་ཡོད་ཅིང་། ཁ་ཤས་ཀྱིས་རྒན་རབས་པའི་ངག་རྒྱུན་གྱི“གསོམ་སྡོང་ཆེན་པོ”ཕ་གི་དང“རྡོ་ཆེན་པོ”འདི་སོགས་བརྟེན་ནས་ས་མཚམས་འབྱེད་ཀྱི་ཡོད། སྒྱུར་བཅོས་ཐེངས་མང་བྱས་མོད། ཡུས་ཐོའུ་གྲོང་ཚོའི་ནགས་རི་མུའུ་ཁྲི་3ལྷག་ཙམ་གྱི་ཁྲོད་ནས་མཉམ་སྡེབ་ནགས་ས་མུའུ་ཆིག་ཁྲིར་ཉེ་བ་སྔར་བཞིན་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་བགོ་ཐུབ་མེད་པས། ཡུལ་མི་ཚོས་རི་སྔོན་སྲུང་ཡང“གསེར་རི”མཐོང་དཀའ་བའི་གནས་ཚུལ་ཐོན་ཡོད།

    “ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རིང་ཚད་བརྒལ་གསར་པ་ཡོང་བ”བྱ་རྒྱུ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་གཙོ་བོའི་གྲས་ཤིག་རེད།

    ལན་ཀྲེན་ཧྲེང་ད་ཐེངས་ཡོང་བའི་ལས་འགན་གཙོ་བོ་ནི་སྒྱུར་བཅོས་ཀྱི་སྙིང་སྟོབས་གསར་པའི་ཐོག་ནས་ནགས་ལས་ཞིང་པ་ཚོར་གནད་དོན་རྙིང་པ་ཐག་གཅོད་དང་དཀའ་གནད་གསར་པ་སེལ་རོགས་བྱ་རྒྱུ་དེ་རེད།

    “སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བར་དཀའ་ངལ་ལས་ཐབས་ཤེས་མང་བ་ཡོད”ཅེས་ལན་ཀྲེན་ཧྲེང་གིས་ལག་ཐོགས་ཁ་པར་བཏོན་ནས་ཞིང་ཆེན་གྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་མཉམ་སྡེབ་ནགས་དབང་ལམ་ལུགས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཡིག་ཆ་ཁ་ཕྱེ་བར། བརྙན་ཤེལ་ལས“ནགས་དབང་གཏན་འཁེལ་ཐོ་འགོད་བྱེད་རིང་ལུས་པའི་ལོ་རྒྱུས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལོ་ལྔའི་བྱ་སྤྱོད་སྤེལ་རྒྱུ”ཞེས་པའི་ཡི་གེ་ཁྲ་ལྷམ་མེར་མངོན།

    དབྱང་ཐུང་ཧྲན་གྱིས་བརྙན་ཤེལ་ཐོག་གི་ཡི་གེར་ཞིབ་པར་བལྟས་ནས། “དུས་ཚོད་ཁ་གསལ་བ་དང་གནས་ཚུལ་གྱི་དབྱེ་བའང་ཧ་ཅང་ཞིབ་ཅིང་ཕྲ་བ་འདུག”ཅེས་བརྗོད།

    ལན་ཀྲེན་ཧྲེང་གིས“མཉམ་སྡེབ་ཀྱི་རྩིས་ཐོར་འཁོད་ཀྱང་བགོ་བཤའ་བརྒྱབ་མེད་པའི་ནགས་རི་དག་ད་ལོའི་ལོ་མཇུག་གོང་དུད་ཚང་ལ་ཁ་གསལ་བགོ་རྒྱུ་དང་། ཁེ་ཕན་དབང་ཆའི་ལག་ཁྱེར་དུད་ཚང་ཁག་ལ་སྤྲོད་ཐུབ་པ་བྱེད་ཀྱི་ཡིན། རྩོད་གཞི་ཡོད་ངེས་གཏན་གྱི་ནགས་ས་ཡིན་ཚེ། སྔོན་ལ་རྩོད་གཞིའི་གནད་དོན་མཚམས་བཞག་ནས། ཁེ་ཕན་དབང་ཆ་ཇི་ལྟར་བགོ་བཤའ་རྒྱག་རྒྱུའི་སྐོར་ལ་གྲོས་བསྡུར་ཡག་པོ་བྱས་ཏེ། ཚང་མར་ཡོང་འབབ་རག་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།

    གནད་དོན་རྙིང་པར་འོས་འཚམ་གྱི་ཐག་གཅོད་བྱེད་ཐབས་ཡོད་པ་དང་འཕེལ་ཕྱོགས་གསར་པར་ཡང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐོབ་ཡོད།

    སྐད་ཆ་ཤོད་ཀྱིན་ཁོང་གཉིས་གྲོང་ཚོའི་ནང་འཛུགས་སྐྲུན་བྱེད་བཞིན་པའི་ནགས་གསེབ་ཀྲུང་ལུགས་སྨན་རྫས་རྟེན་གཞིར་བསྐྱོད། རྟེན་གཞིའི་འགན་འཁུར་བ་ཁྲེན་ཀྲུང་ཡུང་གིས་ཡུལ་མི་བཅུ་ཕྲག་ཁྲིད་ནས་ཀྲུང་ལུགས་སྨན་རྫས་ལ་བདག་སྐྱོང་བྱེད་བཞིན་མཆིས། ཁོང་དང་ཡུས་ཐོའུ་གྲོང་ཚོའི་མཉམ་སྡེབ་མཉམ་ལས་ཁང་དབར་ནགས་ས་མུའུ་3000བརྒྱུད་བཤུག་བྱེད་པའི་འདོད་མཐུན་ཡིག་ཆར་མིང་རྟགས་བཀོད་པ་དང་། སང་ལོའི་དཔྱིད་ཀ་ཤར་མ་ཐག་ནགས་ས་དེར་ཀྲུང་ལུགས་སྨན་རྫས་གོ་སྙོད་ཟུར་བརྒྱད་འདེབས་རྒྱུ་རེད།

    ཁྲེན་ཀྲུང་ཡུང་གིས“སྒྱུར་བཅོས་སྲིད་ཇུས་ཞིབ་ཕྲ་དང་ཁ་གསལ་པོ་ཡོད། ངས་ཉིན་འགའ་ཤས་རིང་ཞིབ་འཇུག་བྱས་པ་ཡིན། སྲིད་ཇུས་དེར་ང་རང་གདེང་ཚོད་ཆེན་པོ་ཡོད”ཅེས་བརྗོད། གཉེར་སྐྱོང་དབང་ཆའི་ལག་ཁྱེར་དང་། ཕན་འབྲས་དབང་ཆའི་ལག་ཁྱེར། ཐཱན་འདུས་དབང་ཆའི་ལག་ཁྱེར་སོགས་ནགས་ལས་ཞིང་པའི་ལག་ཏུ་གཅིག་རྗེས་གཉིས་མཐུད་ངང་སྤྲད་པས། ནགས་ས་དེ“ཐོན་ཁུངས”ནས“རྒྱུ་ནོར”ལ་གྱུར་ཡོད། མིག་སྔའི་བར། ཐུང་ཏའོ་རྫོང་དུ་རིམ་རྩིས་བརྒྱབ་ན་ནགས་ཚལ་དབང་ཆ་བརྒྱུད་བཤུག་བྱས་པའི་རྒྱ་ཁྱོན་མུའུ་ཁྲི་9ལས་བརྒལ་ཡོད།

    ཁྲེན་ཀྲུང་ཡུང་གིས“དཔལ་འབྱོར་ནགས་ཤིང་དང་། མེ་ཏོག་སྡོང་ཕྲུག སྤྱི་ཕན་ནགས་ཚལ་དང་རང་བྱུང་ནགས་ཚལ་གྱི་ཁ་གསབ་རོགས་དངུལ་གྱི་ཁེ་བཟང་དབང་ཆ་དང་ཐཱན་འདུས་ཁེ་བཟང་དབང་ཆ་བཅས་ཚང་མ་གཏའ་འཇོག་ཁྱབ་ཁོངས་སུ་བཅུག་པ་དང་། དངུལ་བུན་གྱི་སྤྱོད་སྒོའི་ཁྱབ་ཁོངས་ཀྱང་རྒྱ་ཆེར་གཏོང་བཞིན་ཡོད”ཅེས་བརྗོད།

    ཐཱན་འདུས་ཉོ་ཚོང་སོགས་སྒུལ་ནུས་གསར་པ་མགྱོགས་མྱུར་ཐོན་བཞིན་ཡོད། ཡུས་ཐོའུ་གྲོང་ཚོའི་ནགས་ས་མུའུ་190ལྷག་ཙམ་ལ་ཧུའུ་ནན་གྱི་ནགས་ལས་ཐཱན་འདུས་དབང་ཆའི་ལག་ཁྱེར་ཁག་དང་པོ་རག་ཅིང་། དེའི་ནང་དབྱང་ཐུང་ཧྲན་ཁྱིམ་གྱི་ནགས་ཚལ་མུའུ་3པོའང་ཚུད་ཡོད་པ་རེད།

    རྒྱལ་ཁབ་ནགས་ལས་ཀྱི་འབྲེལ་ཡོད་ཁ་གསབ་དང་རོགས་སྐྱོར་མ་དངུལ་དང་། དེ་བཞིན་བརྒྱུད་བཤུག་བོགས་དངུལ་ནི“སྐྱེད་ཀ”ཡིན་པ་དང་། ཁྲིམས་སྲོལ་དང་གཏན་འབེབས་བཞིན་འབྲེག་གཅོད་བྱས་ནས་འཚོང་བ་ནི“མ་དངུལ”ཡིན་པ་སྟེ། དབྱང་ཐུང་ཧྲན་གྱིས་བལྟས་ན། ད་ཆའི་ནགས་ཚལ་ནི“མིང་དོན་མཚུངས་པའི‘ལྗང་མདོག་བཅོལ་འཛིན’”དུ་གྱུར་ཡོད།

    རི་གཤམ་དུ་སླེབས་སྐབས། གྲོང་ཚོའི་ནང་གློག་སྒྲོན་གསལ་ཐིང་ངེར་སྤར་ཡོད་པ་དང་། ནགས་གསེབ་ཏུ་ལྷགས་པ་ལྡང་ནས་གྲགས་པའི་ལོ་མའི་ཤག་སྒྲ་དང་ཡུལ་མི་ཚོའི་སྐྱིད་པའི་དགོད་སྒྲ་ནི་རོལ་དབྱངས་ཤིག་དང་གཉིས་སུ་མ་མཆིས།

    “ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ལ་འཚོལ་ཞིབ་རྒྱུན་མཐུད་བྱས་ནས་གསོན་ཤུགས་འཕེལ་བར་བྱས་ན། ‘ལྗང་མདོག་བཅོལ་འཛིན’གྱི་ཕན་འབྲས་དེ་བས་མང་དུ་འགྲོ་ངེས་རེད”ཅེས་ལན་ཀྲེན་ཧྲེང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།