རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་དྲུག་གིས།
“ཁྲིམས་འགལ་གྱི་མྱུར་སྐྱོབ་རླངས་འཁོར”སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པའི་བླང་བྱ་བཏོན་པ།
ཉིན་ཤས་གོང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་དྲུག་གིས《ཁྲིམས་འགལ་གྱི་མྱུར་སྐྱོབ་རླངས་འཁོར་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་ཁྱབ་བསྒྲགས་བྱས་ཏེ། “ཁྲིམས་འགལ་གྱི་མྱུར་སྐྱོབ་རླངས་འཁོར”སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས། མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དབང་ཆར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་མྱུར་སྐྱོབ་རླངས་འཁོར་ལ་ཞིབ་བཤེར་བྱེད་དགོས། རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་དངོས་སུ་ཡོད་པའམ་ཡང་ན་ལས་ཁུངས་དེ་གའི་མིང་ཐོག་ནས་ཐོ་བཀོད་བྱས་པའི་མྱུར་སྐྱོབ་རླངས་འཁོར་གྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་དགོས་ཤིང་། དེའི་ནང་ཐོ་བསུབ་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་མིང་འོག་ཏུ་ཐོ་བསུབ་མེད་པའི་མྱུར་སྐྱོབ་རླངས་འཁོར་ཡང་ཚུད་ཡོད། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཟུར་གཏོགས་དང་ཕྱིར་བོགས་མར་བཏང་བའམ་ཡང་ན་བོགས་སྤྱོད་ཀྱི་མྱུར་སྐྱོབ་རླངས་འཁོར་ལ་ཕྱོགས་ཡོངས་ནས་གཙང་བཤེར་བྱེད་དགོས། ས་གནས་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས“རྒྱལ་ཡོངས་ཀྱི་མྱུར་སྐྱོབ་རླངས་འཁོར་གྱི་སྟབས་བསྟུན་གྲངས་གཞིའི་མཛོད”ལ་བརྟེན་ནས། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་མཉམ་དུ་མྱུར་སྐྱོབ་རླངས་འཁོར་ག་ཚོད་ཡོད་མེད་ཞིབ་བཤེར་བྱེད་དགོས་པ་མ་ཟད། མྱུར་སྐྱོབ་རླངས་འཁོར་གསར་པའི་ཁ་གྲངས་དང་ཐོ་བསུབ་པའི་གནས་ཚུལ་དུས་ཐོག་ཏུ་ཞིབ་བསྡུར་བྱེད་དགོས།
ཐོ་བཀོད་མེད་པ་དང་སྨན་བཅོས་མྱུར་སྐྱོབ་ཀྱི་འོས་བབ་མེད་པའི“ཁྲིམས་འགལ་གྱི་མྱུར་སྐྱོབ་རླངས་འཁོར”གྱིས་ཁྲིམས་འགལ་སྒྲིག་འགལ་ངང་མྱུར་སྐྱོབ་བྱེད་པར་རྡུང་རྡེག་ཚ་ནན་གཏོང་དགོས། མྱུར་སྐྱོབ་རླངས་འཁོར་གྱིས་གྲོན་དངུལ་གང་བྱུང་བསྡུ་བ་དང་རིན་གོང་སྤོར་བའི་ཁྲིམས་འགལ་བྱེད་སྤྱོད་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། མྱུར་སྐྱོབ་རླངས་འཁོར་སྤྱི་འཁོར་བྱེད་པའམ་ཡང་ན་སྒེར་སྤྱོད་དང་། ཉེན་བརྡའི་གློག་སྒྲོན་དང་ཉེན་བརྡའི་བརྡ་གཏོང་སྒྲིག་ཆས་སྒྲིག་འགལ་ངང་སྤྱོད་པ། ཛ་དྲག་གི་ལས་འགན་མེད་པའི་སྐབས་འགྲིམ་འགྲུལ་གྱི་བརྡ་རྟགས་གློག་སྒྲོན་ནམ་ཡང་ན་འགྲིམ་འགྲུལ་མཚོན་རྟགས་ལ་བརྩི་སྲུང་མི་ཞུ་བ་སོགས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལས་འགལ་བ་སོགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། ཁྲིམས་དང་སྒྲིག་སྲོལ་ལྟར་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ལས་ཁུངས་དང་དེའི་ལས་དོན་པར་ཐག་གཅོད་ནན་པོ་བྱེད་དགོས། མྱུར་སྐྱོབ་རླངས་འཁོར་སྤྱོད་པའམ་ཡང་ན་འབྲེལ་ཡོད་ཐོབ་ཐང་དང་ཨང་རྟགས་བོགས་མར་བཏང་སྟེ་ཁེ་བཟང་རག་ཐབས་བྱེད་མཁན་དང་། “ཁྲིམས་འགལ་གྱི་མྱུར་སྐྱོབ་རླངས་འཁོར” སྤྱོད་མཁན་དང་ཕན་ཚུན་ངན་འབྲེལ་བྱས་ཏེ་ནད་པའི་ཆ་འཕྲིན་བཙོངས་ནས་ཁེ་བཟང་རག་ཐབས་བྱེད་མཁན། “ཁྲིམས་འགལ་གྱི་མྱུར་སྐྱོབ་རླངས་འཁོར”ལ་འགེབས་སྲུང་བྱེད་མཁན་བཅས་ཀྱི་འབྲེལ་ཡོད་ཚན་པའམ་ཡང་ན་མི་སྒེར་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གནད་དོན་གྱི་ཁུངས་སྣེ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་སམ་ཡང་ན་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་དགོས།
མྱུར་སྐྱོབ་རླངས་འཁོར་ལ་དོ་དམ་དང་སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱེད་པར་ཤུགས་རྒྱག་དགོས། མྱུར་སྐྱོབ་རླངས་འཁོར་བཀོད་སྒྲིག་དང་སྤྱོད་མཁན་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ནི་མྱུར་སྐྱོབ་རླངས་འཁོར་དོ་དམ་གྱི་འགན་འཁྲིའི་བྱེད་པོ་ཡིན་པས། མྱུར་སྐྱོབ་རླངས་འཁོར་དོ་དམ་གྱི་སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་སྒྲིག་ཆས་ཚད་ལྡན་དུ་བཏང་ནས། བླང་བྱ་ལྟར་གནས་ངེས་སྒྲིག་ཆས་བསྒར་དགོས། ངེས་པར་དུ་ཚད་གཞི་ལྟར་རླངས་འཁོར་རྙིང་པ་མེད་པར་བཟོ་བའམ་ཡང་ན་གསར་པ་བརྗེ་དགོས་པ་དང་། རང་དགར་བཟོ་བཅོས་རྒྱག་པ་དང་། བོགས་མར་གཏོང་བ། གཡར་བ། གཞན་ལ་བཤུག་པ། སྡེ་ཚན་ནམ་ཡང་ན་མི་སྒེར་ལ་འགན་གཙང་སྤྲོད་པའམ་ཡང་ན་གཞན་ལ་སྤྱོད་དུ་འཇུག་པ་བཅས་གཏན་འགོག་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།