“ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”
ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པར་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་གྲོས་བསྡུར་འཁྲུག་པོ་བྱེད་པ།
ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི” འཆར་འགོད་ཀྱི་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། སླད་ཕྱིན་དུས་སྐབས་ཤིག་རིང་གི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཏན་འཁེལ་རང་བཞིན་དེ་བས་མང་བ་བསྣན་ཡོད། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཀྲུང་གོའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་གདེང་འཇོག་གང་ལེགས་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོའི་འབྱུང་འགྱུར་ལོ་5ཡི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པའི་ངོས་འཛིན་བྱས་པ་དང་། ཀྲུང་ཕྱི་འབྲེལ་མཐུད་བྱེད་པའི་དམིགས་བསལ་ལེགས་ཆ་མུ་མཐུད་བཏོན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་འདོད་བྱེད་ཀྱི་ཡོད།
“‘ལོ་ལྔ་ཚན་བཅུ་བཞི་པའི’རིང་ཀྲུང་གོར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་སྤོབས་པ་སྐྱེ་གི་འདུག”
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་ཀྲུང་གོས“ལོ་ལྔ་ཚན་བཅུ་བཞི་པའི”དམིགས་ཚད་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་གྲུབ་ཟིན་ཉེར་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ་ཀྲུང་གོའི་དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པར་སླེབས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་བརྟན་པོ་སྤོས་ཡོད།
“ཨར་ཅི་རི་ཡར་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས‘ལོ་ལྔ་ཚན་བཅུ་བཞི་པའི’རིང་ཀྲུང་གོར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་སྤོབས་པ་བྱེད་ཀྱི་ཡོད”ཅེས་ཨར་ཅི་རི་ཡའི་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་ཁྲེན་ཀྲི་ཝེ་ཡིས་བརྗོད་པ་དང་། ཁོང་གིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་ནི་རྒྱུན་གཏན་ཞིག་དང་སྤྱིར་བཏང་ཞིག་གཏན་ནས་མིན་པ་དང་། ཀྲུང་གོའི་ཚན་རྩལ་གསར་གཏོད་ལ་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པར་ཁོང་ལ་མྱོང་ཚོར་ཟབ་ཤོས་བྱུང་ཡོད། “ཀྲུང་གོ་སྟོབས་ཆེར་ཕྱིན་པ་ལས་ང་ཚོས་ཕྱི་རྒྱལ་དུ་ཚོང་ལས་འཕེལ་རྒྱས་གཏོང་བར་གདེང་ཚོད་དེ་བས་འཕེལ་ཡོད་ལ་ཀྲུང་གོ་དང་ཨར་ཅི་རི་ཡའི་མཉམ་ལས་ལ་གདེང་ཚོད་དང་སྒུལ་ཤུགས་ཀྱང་བསྣན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལས་འཛམ་གླིང་ལ་ཁེ་ཕན་དེ་བས་མང་བ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བརྗོད།
“ཚང་འཛོམས་གྲོས་ཚོགས་ཐོག‘ལོ་ལྔ་ཚན་བཅུ་བཞི་པའི’རིང་གི་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པར་ཕྱིར་སྡོད་སྤུན་ཟླ་ཚོའི་གདེང་འཇོག་ཆེན་པོ་ཐོབ་ཡོད”ཅེས་པར་ཙིར་གྱི་ཀྲུང་གོ་ཞི་བའི་གཅིག་གྱུར་ཡར་སྐུལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཞའོ་ཁྲུན་གྱིས་བརྗོད་པ་དང་། ཁོང་གིས་5Gལག་རྩལ་དང་། ནུས་རྒྱུ་གསར་པ། གྲངས་འཛིན་དཔལ་འབྱོར་བཅས་ལ་མཚོན་ན། ཀྲུང་གོའི་ལག་རྩལ་ཇེ་ལེགས་སུ་ཕྱིན་པ་དང་བཀོལ་སྤྱོད་ཐུབ་པ་ལས་པར་ཙིར་ལ་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་བྱེད་པར་གོ་སྐབས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བརྗོད།
“གདེང་ཚོད་ནི་ལམ་ལུགས་ཀྱི་ལེགས་ཆ་ཆེན་པོ་ལས་བྱུང་བ་རེད་ལ། དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ལས་བྱུང་བའང་རེད”
ཚང་འཛོམས་གྲོས་ཚོགས་ཐོག “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་བཏོན་ཡོད། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་ཚོས་དམིགས་ཚད་འདི་དག་ལས་མི་སེམས་ལ་སྐུལ་མ་ཐེབས་པ་དང་འབད་འབུངས་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་ལྕག་ཐུབ་པ་དང་། དམིགས་ཚད་མངོན་འགྱུར་བྱུང་རྗེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་ངེས་རེད་ལ། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་ཐོབ་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
མ་ལེ་ཞི་ཡའི་ཀྲུང་གོའི་སྤྱི་པའི་འབྲེལ་བའི་མཐུན་ཚོགས་ཀྱི་ཚོཌ་གཙོ་གཞོན་པ་ཡན་ཐེན་ལུའུ་ཡིས། ཀྲུང་གོས་འབྱུང་འགྱུར་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་དང་། སྤུས་ཚད་རྒྱལ་ཁབ་སྟོབས་ཆེན། འཇིག་རྟེན་འཕུར་སྐྱོད་རྒྱལ་ཁབ་སྟོབས་ཆེན། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན། དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་བཅས་མགྱོགས་མྱུར་བསྐྲུན་རྒྱུ་མ་ཟད། ད་དུང་སྲོལ་རྒྱུན་ཐོན་ལས་ལེགས་སུ་གཏོང་བ་དང་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་བྱེད་པ་དང་ཆབས་ཅིག རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་བཅས་འཛུགས་སྐྲུན་དང་དེ་བཞིན་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད། འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་བཏང་བ་ལས་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ཀྲུང་གོར་ལོག་ནས་མ་འཇོག་དང་འཕེལ་རྒྱས་གཏོང་རྒྱུར་རེས་སྐོར་གསར་པའི་གོ་སྐབས་བསྐྲུན་རྒྱུ་རེད”ཅེས་བརྗོད།
ཧིན་རྡུ་ཉི་ཞི་ཡའི་ཀྲུང་ཧྭའི་སྤྱི་ཁྱབ་ཚོང་ཚོགས་ཀྱི་སྤྱི་ཁྱབ་ཀྲུའུ་ཞི་ཀྲང་ཅིན་ཞུང་གིས“ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་ཀྲུང་གོའི་འཕེལ་རྒྱས་ལ་བཅངས་པའི་གདེང་ཚོད་ཆེན་པོ་ནི་ལམ་ལུགས་ཀྱི་ལེགས་ཆ་ཆེན་པོ་ལས་བྱུང་བ་རེད་ལ། དཔལ་འབྱོར་རྨང་གཞི་བརྟན་པོ་ལས་བྱུང་བའང་རེད”ཅེས་བརྗོད་པ་དང་། ཁོང་གིས་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་དབར་གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་ཕྱོགས་སྒྱུར་སོགས་ཀྱི་ཐད་མཉམ་ལས་བྱེད་རྒྱ་ཆེན་པོ་ཡོད་པས། ཧིན་རྡུ་ཉི་ཞི་ཡར་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་མུ་མཐུད་འབྲེལ་ཟམ་གྱི་ནུས་པ་ཡག་པོ་བཏོན་ཏེ། ནུས་རྒྱུ་གསར་པ་དང་གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གཉིས་པོའི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།
“ཀྲུང་གོ་དང་མཉམ་དུ་བསྐྱོད་དེ་རྒྱང་ལམ་གསར་པར་འབྲེལ་ཟམ་གྱི་ནུས་པ་གང་ལེགས་འདོན་གྱི་ཡིན”
ཚན་རྩལ་གསར་གཏོད་ནས་ལྗང་མདོག་ཕྱོགས་སྒྱུར་བར་དང་རྒྱལ་སྒྲོལ་ཞབས་ཞུ་ནས་ཤེས་དཔལ་གླེང་མོལ་བར། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་བྱ་སྤྱོད་ཧུར་ཐག་སྤེལ་ནས་མཉམ་འདྲེས་དང་མཉམ་ལས་དེ་བས་གཏིང་ཟབ་བརྒྱུད། ཀྲུང་གོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་དེ་བས་ལེགས་པ་ཐུབ་པ་དང་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།
ཁེན་ནི་ཡའི་ཀྲུང་གོའི་ཞི་བའི་གཅིག་གྱུར་ཡར་སྐུལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཀའོ་ཝེ་ཡིས། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་རང་གནས་སའི་རྒྱལ་ཁབ་ཀྱི་ཁྲོམ་རའི་ཁོར་ཡུག་དང་། སྲིད་ཇུས་ཁྲིམས་སྲོལ། ཚོང་ལས་སྒྲིག་སྲོལ་བཅས་ལ་རྒྱུས་མངའ་ཆེན་པོ་ཡོད། “ང་ཚོས་རང་ངོས་ཀྱི་ཐོན་ཁུངས་སྤྱོད་པ་དང་། རྒྱལ་སྤྱིའི་འགྲེམས་ཚོགས་སྒྲིག་འཛུགས། ཀྲུང་གོའི་གསར་གཏོད་ཀྱི་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་གོ་སྐབས་མངོན་པ། ཀྲུང་ཕྱིའི་ཁེ་ལས་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན”ཞེས་བརྗོད།
ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ཏུན་ཧྭ་ཤིང་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་ཏུང་ཀང་གིས། ཚང་འཛོམས་གྲོས་ཚོགས་ཐོག“སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་དང་གོང་འཕེལ་གཏོང་དགོས”ཞེས་བཏོན་ཡོད་པས། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་སྤུན་ཟླ་ཚོས་ཕྱིར་སྡོད་རང་མིའི་ཚོགས་པའི་སྟོབས་ཤུགས་གཅིག་སྒྲིལ་དང་རིག་གནས་ཀྱི་རྩ་བ་སྲུང་སྐྱོང་ཧུར་ཐག་བྱེད་དགོས། “ང་ཚོ་སྒྱུ་རྩལ་ཚོགས་པས་དཔྱིད་གསར་དུས་ཆེན་སྐབས་སེང་རྩེད་དང་འབྲུག་རྩེད་འཁྲབ་སྟོན་བྱེད་པ་བརྒྱུད་ཕྱིར་སྡོད་རང་མིའི་ཕ་ཡུལ་ལ་འཆང་བའི་འཕྲེང་སེམས་སེལ་བ་མ་ཟད། ད་དུང་གཞོན་ནུ་ལོ་ཆུང་གི་སེང་རྩེད་འབྲུག་རྩེད་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་ཕྱི་ཁོངས་ཀྲུང་གོ་བ་མི་རབས་གཉིས་པ་དང་གསུམ་པར་རིག་གནས་སྒྱུ་རྩལ་རྒྱུན་འཛིན་བྱེད་དུ་འཇུག་རྩིས་ཡོད། མང་ཚོགས་ཅན་དང་རྒྱུན་གཏན་ཅན་གྱི་རིག་གནས་ལག་ལེན་དེ་རིགས་ལས་ཕྱིར་སྡོད་སྤུན་ཟླའི་གོང་བུ་སྒྲིལ་ཤུགས་ཆེ་རུ་ཕྱིན་ཡོད”ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།