ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པར་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྐོར་གྱི་ཆེད་དོན་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་འཚོགས་པ།
ཟླ་11ཚེས་10ཉིན་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པར་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྐོར་གྱི་ཆེད་དོན་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་འཚོགས་པ་དང་། གཞུང་ཚབ་ཆེ་མོ་བ་དང་གནས་སྐབས་ལས་ཚབ་ཚུད་པའི་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་160ལྷག་ཙམ་གྱི་མཐོ་རིམ་ཕྱི་འབྲེལ་དཔོན་90ལྷག་ཙམ་ཞུགས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལིའུ་ཧའེ་ཤིང་དང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ནང་དོན་གཙོ་བོ་ངོ་སྤྲོད་བྱས་པ་རེད།
ཀྲུང་གོ་ཕྱོགས་ཀྱིས་བརྗོད་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གྲུབ་འབྲས་གལ་ཆེ་ཤོས་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོར་གྲོས་ཞིབ་དང་གྲོས་འཆམ་བྱས་པ་དང་། ཀྲུང་གོའི་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་པ་དེ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་གོ་སྐབས་དེ་དམ་འཛིན་བྱས་ཏེ་དུས་ཀྱིས་མི་མི་སྒུག་པས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་དུས་རབས་ཀྱི་དགོས་གཏུགས་བསམ་པ་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་ཀྱི་འཐབ་ཇུས་ལས་འགན་ལ་ཚད་བརྒལ་ཆེན་པོ་ཡོང་བར་སྐུལ་འདེད་བཏང་ཡོད།
ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོ་བཏོན་ནས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་དང་འཛམ་གླིང་ལ་གོ་སྐབས་མཉམ་སྤྱོད་བྱེད་པའི་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་བ་དེས་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་དང་རེ་སྒུག་གིས་ཁེངས་པ་དང་། ཀྲུང་གོ་དང་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།