བོད་ལྗོངས་ལྷ་སའི་སྒོ་ཁྲལ་མེད་པའི་རྒྱལ་སྒྲོལ་ཚོང་ཟོག་གི་ལྟེ་གནས་ཚོང་ཁང་ཚོང་གཉེར་ཚོད་ལྟ་བྱས་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི“རྒྱལ་སྒྲོལ་དྲ་ཚོང་1210དྲ་ཐོག་ཉོ་སྒྲུབ་ཀྱི་སྒོ་ཁྲལ་མེད་པའི་རྣམ་པ་དང་དངོས་ཚན་གྱི་སིལ་ཚོང་གསར་པ་ཟུང་དུ་འབྲེལ་བའི”གཉེར་སྐྱོང་རྣམ་པ་སྤྱད་པའི་རིམ་པ་མཐོ་བའི་རྒྱལ་སྒྲོལ་ཚོང་ཟོག་འགྲེམས་ཚོང་ལྟེ་གནས་ཐོག་མ་སྟེ། ལྷ་སའི་སྒོ་ཁྲལ་མེད་པའི་རྒྱལ་སྒྲོལ་ཚོང་ཟོག་གི་ལྟེ་གནས་ཚོང་ཁང་ཚོང་གཉེར་ཚོད་ལྟ་བྱས་པ་རེད།
ལྟེ་གནས་ཚོང་ཁང་འདི་ལྷ་ས་མཐོ་གསར་ཁུལ་གྱི་ཝང་ཕུའུ་ཅིང་ཚོང་ཁང་དུ་གནས་ཤིང་། “དྲ་ཕྱིའི་སྒོ་ཁྲལ་མེད་པའི་འགན་ལེན་འགྲེམས་སྟོན་དང་། དྲ་ཐོག་དང་དྲ་ཕྱི་ནས་ཉོ་བ། ས་གནས་དེ་ག་ནས་མྱུར་དུ་སྡེབ་སྐྱེལ་བྱེད་པ་བཅས་ཟུང་དུ་འབྲེལ་བའི”གཞི་གཅིག་ཅན་གྱི་གཉེར་སྐྱོང་རྣམ་པ་སྤྱད་དེ་བྱུག་རྫས་དང་། མཛེས་རྫས། སྒམ་ཁུག བདེ་སྲུང་ཐོན་རྫས་སོགས་ཡོ་རོབ་དང་མེ་གླིང་དང་། རི་པིན་དང་ཧན་གོ་སོགས་ཀྱི་རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་གི་རྒྱལ་སྒྲོལ་སྤུས་ལེགས་ཚོང་ཟོག་གཅིག་སྡུད་བྱས་པ་དེའི་ནང་སྤུས་རྟགས་200ལྷག་ཙམ་དང་ཚོང་ཟོག་རྐྱང་པ་ཁྲི་10ལྷག་ཙམ་ཡོད་པ་དེ་དག་གིས་འཛད་སྤྱོད་པར་སྟབས་བདེ་དང་ནུས་ཆེའི་རྒྱལ་སྒྲོལ་གྱི་འཛད་སྤྱོད་སྟེགས་བུ་ཞིག་བཏོད་ཡོད།
ཚོང་ཁང་ནང་སྒོ་ཁྲལ་མེད་ཁུལ་དང་སྒོ་ཁྲལ་མེད་པའི་ཁུལ་མིན་པའི་བྱེད་ནུས་ས་ཁོངས་ཆེན་པོ་གཉིས་འཛུགས་རྒྱུའི་འཆར་འགོད་བྱས་ཏེ། རྒྱལ་སྒྲོལ་ཚོང་ཟོག་ཚང་མ་ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་ཁྲལ་མེད་མཛོད་ཁང་དུ་ཉར་ཚགས་བྱས་ནས་སྒོ་ཁྲལ་མེད་པའི་འགྲེམས་སྟོན་གྱི་རྣམ་པ་བརྒྱུད། ཁུལ་དེ་ནས་ཕྱིར་གཏོང་བྱས་ཏེ་འབྱུང་རྩ་ནས་ཡོང་ཁུངས་ཚད་ལྡན་དང་སྤུས་ཚད་བློས་འགེལ་ཆོག་པའི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག དྲ་ཐོག་དང་དྲ་ཕྱིའི་མཉམ་འདྲེས་བྱེད་སྟངས་ལ་བརྟེན་ནས་ནང་འདྲེན་འཁོར་རྒྱུག་གི་མ་གནས་ཆེས་ཆེར་དམའ་རུ་བཏང་སྟེ། འཛད་སྤྱོད་པར་ནུས་གོང་གཉིས་བསྡུར་མཐོ་བའི་གོ་ལ་ཧྲིལ་པོའི་དངོས་ཟོག་གདམ་ག་མཁོ་འདོན་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། “1210”ཞེས་པ་ནི་རྒྱལ་སྒྲོལ་དྲ་ཚོང་གིས་དྲ་ཐོག་ནས་ཉོ་སྒྲུབ་བྱེད་པར་སྒོ་ཁྲལ་མེད་པའི་ནང་འདྲེན་བྱེད་སྟངས་ཤིག་ཡིན་པ་དེར་སྒོ་ཁྲལ་མེད་པའི་ཚོང་ཟོག་གྲ་སྒྲིག་བྱེད་སྟངས་སམ་སྒོ་ཁྲལ་མེད་པའི་མཛོད་ཁང་གི་ཚོང་ཟོག་གཏོང་སྐྱེལ་བྱེད་སྟངས་ཡང་ཟེར། དེ་ནི་རྒྱལ་སྒྲོལ་དྲ་ཚོང་སིལ་ཚོང་ནང་འདྲེན་བྱེད་སྟངས་ཀྱི་གཞི་ཁྱོན་དང་མཐུན་པའི་རྣམ་པ་གཙོ་བོའི་གྲས་ཤིག་རེད། རྣམ་པ་འདི་ནི་མངགས་ཐོ་དང་ལེན་མགྱོགས་པ་དང་། སྐྱེལ་འདྲེན་དུས་ཚོད་ཐུང་བ། ཕྱོགས་བསྡུས་དབོར་གླ་དམའ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པས། དྲ་ཚོང་ཁེ་ལས་ཀྱིས་ཁྲོམ་རའི་སྔོན་དཔག་དང་འཛད་སྤྱོད་པའི་དགོས་མཁོར་གཞིགས་ནས་སྔོན་ལ་ཕྱི་རྒྱལ་ནས་ནང་འདྲེན་ཚོང་ཟོག་འབོར་ཆེན་གཅིག་སྡུད་ཐོག་ཉོ་སྒྲུབ་བྱས་ཏེ། ཁག་ཐེངས་དབྱེ་སྟེ་སྒོ་ཁྲལ་སྙན་སེང་ཞུ་བའི་རྣམ་པའི་ཐོག་ནས་འགག་སྒོ་ལས་ཁུངས་ཀྱི་དམིགས་བསལ་ལྟ་སྐུལ་དོ་དམ་ས་ཁོངས་སུ་འཇོག་པ་དང་། རྒྱལ་ནང་གི་འཛད་སྤྱོད་པས་དྲ་ཐོག་ནས་མངགས་ཐོ་བཏང་རྗེས་ཚོང་ཟོག་ལ་འགག་སྒོ་སྒྲོལ་བའི་འགྲོ་ལུགས་གཉེར་ཏེ་རྒྱལ་ནང་གི་མྱུར་སྐྱེལ་བརྒྱུད་འཛད་སྤྱོད་པའི་ལག་ཏུ་སྐྱེལ་གྱི་ཡོད།
འབྲེལ་ཡོད་གསར་འགྱུར།