གངས་ལྗོངས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་འགོད་དགོས།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་བོད་ཀྱི་འཕེལ་རྒྱས་ལ་རང་ངོས་ཀྱི་ཁྱད་ཆོས་ལྡན་པས་དོན་དངོས་ལ་གཞིགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད། དེས་ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་བརྗིད་ཆེའི་འཆར་གཞི་བཀོད་པ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།
དོན་དངོས་ལ་གཞིགས་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁྱད་ལྡན་ཐོན་ལས་ལ་དམིགས་དགོས་ཤིང་། ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་རིག་གནས་ཐོན་ཁུངས་ལ་གཞི་ཚུགས་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས། ཁྱད་ལྡན་ཞིང་འབྲོག་ལས“སྟོབས་ཆེར”བཏང་སྟེ། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་མཐའ་འཁྱོངས་ཀྱིས་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་དང་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ་དང་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་མཐོ་རུ་གཏོང་བར་ཤུགས་སྣོན་བརྒྱབ་ནས། ཞིང་འབྲོག་པའི་དངུལ་ཁུག་ལྗིད་ཏིག་ཏིག་ཆགས་པར་བྱེད་དགོས། ནུས་རྒྱུ་གཙང་མ“བེད་སྤྱོད”བྱས་ཏེ། ཕུན་སུམ་ཚོགས་པའི་ཉི་ནུས་དང་། ཆུ་ནུས། རླུང་ནུས། ས་འོག་ཚ་ནུས་སོགས་ནུས་རྒྱུ་གཙང་མའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྩ་ཆེའི་ཐོན་ཁུངས་ཀྱི་ལེགས་ཆ་དག་དངོས་དངོས་རྗེན་རྗེན་གྱི་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་དགོས། རིག་གནས་ཡུལ་སྐོར་ཐོན་ལས“འཁྲུག་ཆ་དོད་དུ”བཏང་སྟེ། གཏིང་ཟབ་ཅིང་འོད་སྟོང་འཕྲོ་བའི་ལོ་རྒྱུས་རིག་གནས་ཤུལ་བཞག་དང་བརྗིད་ཆགས་པའི་རང་བྱུང་མཛེས་ལྗོངས་ལ་བརྟེན་ནས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ལམ་ཐིག་རྩེ་གྲ་གཏོད་པ་དང་ཁྱད་ལྡན་ཐོན་རྫས་གསར་སྤེལ་བྱས་ཏེ། རྒྱལ་སྤྱིར་ཤུགས་རྐྱེན་ལྡན་པའི་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
དོན་དངོས་ལ་གཞིགས་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྐྱེ་ཁམས་སྲུང་སྐྱོང་ལ་མཐོང་ཆེན་བྱེད་དགོས་ཤིང་། བོད་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་ཞིག་ཡིན་པའི་འཐབ་ཇུས་ཀྱི་ངེས་གནས་ལ་གཞི་ཚུགས་ནས“འཛམ་གླིང་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱས་ཏེ། ས་མཐོའི་ས་གཞི་དེ་བས་སྔོ་ལྗང་དང་། དེ་བས་མཛེས་པ། དེ་བས་གནས་འཕྲོད་བཅས་ཡོང་བར་བྱེད་དགོས། སྐྱེ་ཁམས་སྲུང་བཅད“སྲ་བརྟན”ཏུ་བཏང་སྟེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་སྐྱོད་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་མཐའ་འཁྱོངས་ཀྱིས་གཙོ་གནད་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་ལག་བསྟར་ཡག་པོ་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་སྲུང་བརྟན་པོར་སྐྲུན་དགོས། ལྗང་མདོག་གི་མཐིལ་མདོག“འོད་མདངས”འཕྲོ་བར་བྱས་ཏེ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། སྔོ་རྒྱ་ཆེར་གཏོང་། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཚན་རིག་དང་མཐུན་པའི་སྒོ་ནས་ལག་བསྟར་བཅས་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་དགོས། འཕེལ་རྒྱས་ཀྱི་རྣམ་པ“སྔོ་ལྗང་ཅན”དུ་འགྱུར་བར་བྱས་ཏེ། ལྗང་མདོག་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། ཁོར་ཡུག་བློས་གཏོང་བྱས་ནས་སྐབས་འཕྲལ་གྱི་འཕེལ་རྒྱས་གཏོང་རྒྱུ་མཐའ་གཅིག་ཏུ་དོར་བ། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་དབར་དགེ་མཚན་ལྡན་པའི་མཉམ་འགུལ་བཅས་བྱས་ནས། བོད་ཀྱི་ནམ་མཁའ་དེ་བས་གཡའ་དག་པ་དང་། ཆུ་མོ་དེ་བས་དྭངས་ཤིང་གཙང་བ། ཁོར་ཡུག་དེ་བས་མཛེས་པ་བཅས་ཡོང་བར་བྱེད་དགོས།
དོན་དངོས་ལ་གཞིགས་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཕན་པ་ཐོབ་པར་བྱེད་དགོས། འབབ་འཕར་ཐབས་ལམ“མང་དུ”བཏང་སྟེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་སྲུང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཆུ་ཚད་མུ་མཐུད་མཐོ་རུ་བཏང་ནས། མི་སེར་ལ་ཡོང་འབབ་དེ་བས་མང་དུ་དང་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་གཏོང་དགོས། སྤྱི་པའི་ཞབས་ཞུ“ལེགས་སུ”བཏང་སྟེ། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། རྒན་གསོའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རིག་གནས་དང་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། གཞི་རིམ་བཅོས་སྐྱོང“སྟོབས་ཆེར”བཏང་སྟེ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་འགལ་བ་ནུས་ལྡན་ངང་སེལ་བ། འཆམ་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་སྐྲུན་པ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཕུན་སུམ་ཚོགས་པ་དང་། དེ་བས་འགན་སྲུང་ལྡན་པ། དེ་བས་རྒྱུན་མཐུད་ཆོག་པ་བཅས་ཐུབ་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།