འོད་ཤུགས་རྒྱལ་ཁབ་ཀྱི་ནུས་རྒྱུའི་འཆར་གཞི་ཆེན་པོ་དང་མཉམ་འདྲེས་བྱུང་བ།
ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་འོད་ཤུགས་གློག་ཁང་ཆེ་ཤོས་སུ་བཅར་འདྲི་བྱས་པ།

འདི་ནི་ཟངས་རིའི་འོད་ཤུགས་གློག་ཁང་གི་ཟུར་གཅིག་ཡིན་པ།
འབྲས་ལྡན་དུས་སུ་གསར་འགོད་པས་རླངས་འཁོར་ལ་བསྡད་ནས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་ཡར་ཀླུང་གཙང་པོའི་ལུང་གཞུང་དུ་བསྐྱོད། མི་མེད་གནམ་གྲུས་དགུང་སྔོན་དབྱིངས་ནས་པར་ལེན་སྐབས་མུ་མཐའ་མེད་པའི“འོད་ཀྱི་རྒྱ་མཚོ་སྔོན་པོ”ཞིག་མིག་ལམ་དུ་མངོན་ཞིང་། འོད་ཤུགས་ཤེལ་ལེབ་རིམ་པ་སྟར་ཆགས་བཞིན་ཉི་འོད་འོག་འོད་ཆེམ་ཆེམ་འཕྲོ་བཞིན་མཆིས།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་པ་དང་གློག་ཤུགས་ཀྱི་མ་ལག་གསར་པའི་དཔེ་སྟོན་ཁུལ་མགྱོགས་མྱུར་བཙུགས་ཤིང་། ཟངས་རི་རྫོང་ནི་འཕེལ་རིམ་དེའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། བོད་ཀྱི“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་ནུས་རྒྱུ་འཕེལ་རྒྱས་ཀྱི་བཀོད་པ་གསར་པའི་གཙོ་གནད་ཅིག་ཡིན་པའི་ཡར་ཀླུང་གཙང་པོའི་ལུང་གཞུང་གི་འོད་ཤུགས་ཤེལ་ལེབ་ཁྲི་6.1ཡོད་པ་དེ་དག་གིས་ལོ་རེར་ཉི་འོད་འཕྲོ་ཡུན་ཆུ་ཚོད་3000ལྷག་ཙམ་ནས་ནུས་རྒྱུ་བསྡུ་ལེན་བྱེད་ཀྱི་ཡོད་པས། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ས་མཐོའི་དཔེ་མཚོན་གྱི་གྲས་ཤིག་ཏུ་གྱུར་ཡོད།
“འོད་ཤུགས་ཤེལ་ལེབ་མང་པོ་དེ་དག་ལ་ཉི་འོད་ཕོག་མ་ཐག་ནུས་རྒྱུ་ཆེན་པོ་གསོག་ཐུབ”ཡར་ཀླུང་གཙང་པོའི་འགྲམ་གྱི་ཟངས་རི་རྫོང་གི་འོད་ཤུགས་ནུས་གསོག་གློག་ཁང་ཆེ་ཤོས་ཏེ། ཀྲུང་ཀོང་ཉིང་གློག་ཟངས་རི་འོད་ཤུགས་གློག་ཁང་གི་བདེ་འཇགས་ཆེད་ལས་བཟོ་པ་རྣམ་གྲོལ་དང་ལས་རོགས་ལི་ཅན་ཀྲིས་འོད་ཤུགས་ཤེལ་ལེབ་ཀྱི་དབུས་སུ་བསྐྱོད་དེ་འོད་ཤུགས་ཤེལ་ལེབ་དང་། ལྡོག་འགྱུར་ཡོ་ཆས། ནུས་གསོག་སྒྲིག་ཆས་བཅས་ཚང་མར་ཞིབ་བཤེར་ཞིབ་ཕྲ་བྱས་ཏེ་ས་མཐོའི“འོད་ཀྱི་རྒྱ་མཚོ་སྔོན་པོ”དེར་སྲུང་སྐྱོབ་བྱེད་བཞིན་ཡོད།
གློག་ཁང་གི་འོད་ཤུགས་ཤེལ་ལེབ་དེ་དག་རི་འདབས་ནས་ལུང་གཞུང་དུ་སྣུར་སྲིང་བྱས་ཏེ་ཉི་འོད་བསྡུ་ལེན་བྱེད་པ་དང་དེ་སྔའི་ཐང་སྟོང་དེ“ལྗང་མདོག་གློག་ཁང”ཆེན་པོ་ཞིག་ཏུ་གྱུར་ཡོད། ས་མཐོའི་རབ་ཏུ་འཚེར་བའི་ཉི་འོད་ལས་དེ་གར་ཉི་ནུས་ཐོན་ཁུངས་ཀྱི“མཛོད་ཁང”ལྟ་བུར་གྱུར་ཏེ། གློག་ཁང་འཁོར་རྒྱུག་བརྟན་པོ་ཡོང་བར་རང་བྱུང་ཁམས་ཀྱི་འགན་སྲུང་ཐུབ་ཡོད།
“ས་མཐོའི་འགྱེད་འཕྲོའི་ནུས་རྒྱུ་ནང་ས་ལས་ཧ་ཅང་གིས་མཐོ་བ་ཡོད་པས་གློག་གཏོང་བའི་ལས་ཕྱོད་ཀྱང་དེ་ཙམ་གྱིས་ཆེ་བ་ཡོད། ང་ཚོའི་གློག་ཁང་གིས་ཉིན་གཅིག་ལ་གློག་ཏུའུ་ཁྲི་17ལྷག་ཙམ་གཏོང་ཐུབ་པ་དེས་ཁྱིམ་ཚང་4000ལྷག་ཙམ་གྱིས་ཉིན་གང་བེད་སྤྱོད་བཏང་ཡང་འདང་གི་ཡོད”རྣམ་གྲོལ་གྱིས་ཀྲུང་ཀོང་ཉིང་གློག་ཟངས་རི་འོད་ཤུགས་གློག་ཁང་གི་གློག་གཏོང་ཚད་བསྡོམས་ཀྲའོ་ཝ་30ཟིན་པ་དང་། རིག་ལྡན་བཀོལ་སྤྱོད་བདག་སྐྱོང་མ་ལག་གིས་རམ་འདེགས་བྱས་པ་ལས་གློག་ཁང་གིས་རང་འགུལ་བརྟག་དཔྱད་དང་ཉེན་བརྡ་གཏོང་ཐུབ་པས་འཐབ་ཕྱོགས་དང་པོའི་བཀོལ་སྤྱོད་བདག་སྐྱོང་མི་སྣའི་ཁུར་པོ་ཡང་དུ་བཏང་ཡོད་ཅེས་བཤད།
གསར་འགོད་པར་ས་གནས་ས་ཐོག་ནས་ནུས་གསོག་མ་ལག་གི་སྒམ་དཀར་པོ་ཆེན་པོ་དྲུག་གྲལ་སྟར་བསྒྲིགས་པ་མཐོང་བྱུང་། ཉིན་མོ་འོད་ཀྱིས་བསགས་པའི་གློག་ནུས་ཀྱིས་མཚན་མོ་གློག་དྲར་གློག་བརྟན་པོ་ཞིག་མཁོ་འདོན་བྱེད་བཞིན་ཡོད།
འོད་ཤུགས་ཤེལ་ལེབ་ཡོངས་སུ་ཁྱབ་པ་ལས་ས་ངོས་ཀྱི་ཆུ་རླངས་པར་འགྱུར་ཚད་ཆེས་ཉུང་དུ་སོང་ནས་བཞའ་ཚན་སྲུང་ཐུབ་པས་རྩྭའང་ས་ཆ་གཞན་དག་ལས་སྐྱེ་བཟང་བ་ཡོད། “འོད་ཤུགས་ཤེལ་ལེབ་བཏིང་པས་བྱེ་རླུང་གིས་སྔོ་ཁེབས་ལ་གནོད་འཚེ་གཏོང་ཤུགས་ཆུང་དུ་ཕྱིན་པ་མ་ཟད། འོད་ཤུགས་ཤེལ་ལེབ་བཀྲུས་པའི་ཆུ་ས་ལ་སིམ་ནས་སྤང་རྩྭ་སྐྱེ་བར་ཕན་ནུས་ཆེན་པོ་ཐོན་གྱི་ཡོད”ཅེས་རྣམ་གྲོལ་གྱིས་བཤད། “འོད་ཤུགས་ཤེལ་ལེབ་ནས་གློག་འདོན་པ་དང་འོག་ཏུ་ཕྱུགས་འཚོ་བའི”མཉམ་འདྲེས་རྣམ་པ་ལས་ས་ཁོངས་ཀྱི་རླུང་འགོག་བྱེ་འཇགས་ནུས་པ་30%ཡན་ཆེ་རུ་ཕྱིན་ཡོད་པ་རེད།
སྐྱེ་ཁམས་ལེགས་སུ་ཕྱིན་པས་ནོར་ལུག་ཀྱང་ཤ་ཤེད་རྒྱས་པ་མ་ཟད། གནས་དེ་གའི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད། གྲོང་མི་མི་ཉུང་བ་ཞིག་གིས་རླངས་འཁོར་ཡང་ཉོས་ཡོད”ཅེས་ཟངས་རི་གྲོང་རྡལ་ཁྲི་ཁང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཟླ་དཀར་གྱིས་དགོད་འཚེར་འཚེར་ངང་གསར་འགོད་པར་བཤད།
“ཟངས་རི་རྫོང་གི་ལག་ལེན་ནི་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འཐབ་ཇུས་གསར་པ་ལག་བསྟར་གྱི་ས་མཐོའི་གསོན་ཉམས་ལྡན་པའི་འཚོལ་ཞིབ་ཅིག་རེད”ཅེས་ཟངས་རི་རྫོང་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་ཚེ་བརྟན་སྒྲོལ་མས་བཤད། ཧུའུ་ནན་ཞིང་ཆེན་ཡུའེ་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་སྟོབས་ཤུགས་ལ་བརྟེན་ནས་ཟངས་རི་རྫོང་གིས“འོད་ཤུགས་དང་། བྱེ་བཅོས། ཞིང་འབྲོག་ལས་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་དེ་རང་ལྗོངས་ཀྱི་ནུས་རྒྱུ་གཙང་མ་སྣ་མང་ཅན་བཀོལ་སྤྱོད་བྱེད་པར་ཚོད་ལྟ་བྱ་ཡུལ་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།