འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་མངོན། སྒོ་འབྱེད་ཀྱི་གོ་སྐབས་མཉམ་དུ་སྤྱད།
ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པའི་བོད་ལྗོངས་འགྲེམས་ཁང་གི་མཐོང་ཐོས་སྐོར་བཀོད་པ།

འདི་ནི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པའི་བོད་རང་སྐྱོང་ལྗོངས་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུར་སྐུ་མགྲོན་ཞིག་གིས་ཚོང་ཟོག་ཉོ་བཞིན་པ།

འདི་ནི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པའི་བོད་རང་སྐྱོང་ལྗོངས་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་སྐབས་འཁྲབ་སྟོན་བྱེད་བཞིན་པ།
ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པ་འགོ་ཚུགས་པའི་ཉིན་གཉིས་པར། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་མཁོ་འཚོང་ཕྱོགས་བསྡུས་ལས་སྒོ་ཁོའོ་ཡི་ཁོའོ་ཀྲང་ཚེ་རིང་རྡོ་རྗེ་སྔ་པོ་ནས་བོད་ལྗོངས་འགྲེམས་ཁང་དུ་འོང་ནས་འགྲེམས་ཁང་གི་འགྲེམས་སྟོན་ལ་ཞུགས་མཁན་ཁེ་ལས་ཁག་གི་ལས་དོན་པ་དང་མཉམ་དུ་བོད་ལྗོངས་འགྲེམས་ཁང་སྒོ་དབྱེའི་ལས་ཀར་ཧུར་ཐག་གཞོལ་བཞིན་ཡོད། ཚེ་རིང་རྡོ་རྗེས་ད་ལོར་བོད་ལྗོངས་འགྲེམས་ཁང་གིས་རིག་གནས་བརྒྱུད་སྤེལ་དང་། སྤུས་རྟགས་ཁྱབ་གདལ། སྤེལ་རེས་མཉམ་ལས། ཚོང་དོན་ལ་སྐུལ་འདེད་སོགས་ཕྱོགས་མང་པོར་གཞི་ཚུགས་པའི་ཁར། མཉམ་འགུལ་འགྲེམས་སྟོན་དང་། སྤུས་རྟགས་བརྒྱུད་སྤེལ། ཅ་དངོས་འགྲེམས་ཚོང་བཅས་ཁ་ཕྱོགས་ཆེན་པོ་གསུམ་ཐད་ལ་ཤུགས་བརྒྱབ་སྟེ། “གར་སྟེཌ་གཙོ་བོའི་ཁུལ”དང་། “ལྷ་སའི་ཅ་དངོས་སྤུས་ལེགས་འགྲེམས་ཁུལ” “རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་འགྲེམས་སྟོན་ཁུལ” “ལྷ་སའི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྒྲོལ་དྲ་ཚོང་ཐོན་ལས་གླིང་ཁུལ་ཆེད་དོན་ཁུལ”དང་དེ་བཞིན“པར་ལེན་ཁུལ”བཅས་ཁྱད་ལྡན་ས་ཁོངས་ཆེན་པོ་ལྔ་ཞིབ་ཚགས་པོས་བཏོད་པར་ཁེ་ལས་13གྱི་འགྲེམས་རྫས་སྟོང་ཕྲག་འགྲེམས་སྟོན་བྱས་ཡོད་ཅེས་ངོ་སྤྲོད་བྱས།
འགྲེམས་སྟོན་ཉིན་6བྱེད་རིང་། བོད་ལྗོངས་འགྲེམས་ཁང་གི་དྲ་ཐོག་དང་དྲ་ཕྱིར་ཅ་དངོས་བཙོངས་པའི་དངུལ་འབོར་དང་རྒྱལ་ནང་གི་འདོད་མཐུན་མངག་ཐོ་བཞག་པར་ཁྱོན་སྒོར་ཁྲི་250ལྷག་ཙམ་ཟིན་ཡོད།
ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་དང་ཀྲུང་གོ་དང་ནེ་པ་ལའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་སྟབས། ད་རེས་བོད་ཀྱིས་ཐེངས་དང་པོར“རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར”ཡིན་པའི་ངོས་ནས་འགྲེམས་སྟོན་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། འགྲེམས་ཁང་གིས“ཀྲུང་ནེའི་མཛའ་གྲོགས། དར་གོས་ལམ་བུར་སེམས་པ་གཅིག་ཏུ་སྒྲིལ། ཚོང་ལམ་འབྱུང་འགྱུར་ལ་ཕྱོགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་དེང་རབས་ཀྱི་འགྲེམས་སྟོན་ལག་རྩལ་དང་། ཡིག་རིས། ཅ་དངོས་སོགས་འགྲེམས་སྟོན་བྱེད་སྟངས་ཐོག་ནས་བོད་ལྗོངས་ཀྱིས་ཕྱི་ཕྱོགས་དཔལ་འབྱོར་མཉམ་ལས་སྤེལ་རེས་ཀྱི་རྨད་དུ་བྱུང་བའི་གྲུབ་འབྲས་མངོན་པར་བྱས་ཡོད། ནེ་པ་ལ་ནས་འོང་བའི་ཚོང་པ་ལཱ་པིན་ལཱ་ཡི་ཁྱིམ་མིས་ལོ་ཕྱེད་ཙམ་བཟོས་པའི་ལག་ཤེས་ཐོན་རྫས་ཕ་ལམ་ཆེད་མངགས་ཁྱེར་ཡོད། ཁོང་གིས“ད་རེས་ཀྱི་འགྲེམས་ཚོགས་ཀྱི་ལས་སྟེགས་ཆེན་པོ་འདི་བརྒྱུད་འཛམ་གླིང་ལ་ང་ཚོའི་བཟོ་བོའི་ལག་ཤེས་ངོ་སྤྲོད་བྱེད་ཀྱི་ཡིན”ཞེས་བཤད།
ཟླ་11ཚེས་10ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པ་མཇུག་འགྲིལ་བ་རེད།
འབྲེལ་ཡོད་གསར་འགྱུར།