དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་སྐྱིད་པོ་བྱང་ཐང་གླུ་སྒྲས་ཁེངས།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་ནག་ཆུ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-13

    ནག་ཆུས་རྣམ་གྲངས་དང་འབད་འཐབ་གཉིས་ཀར་བརྟེན་ནས“ལོ་ལྔ་ཚན་བཅུ་བཞི་པའི”བརྗིད་ཆེའི་འཆར་གཞི་བཀོད་དེ་ཕྱོགས་ཡོངས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་མུ་མཐུད་རྩོམ་བཞིན་ཡོད།

    ཁྱད་ལྡན་ཐོན་ལས་ཀྱི་ལེའུ་གསར་པ་བརྩམས་པ།

    ཉེ་བའི་ལོ་ཤས་རིང་། འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། ནག་ཆུ་གྲོང་ཁྱེར་གྱིས་གཉེར་སྐྱོང་བྱེད་པོ་གསར་པ་གསོ་སྐྱོང་ཧུར་ཐག་བྱས་པ་དང་། ཞིང་འབྲོག་ཐོན་རྫས་ཀྱི་ལས་སྣོན་ཞིབ་ཚགས་འཕེལ་རྒྱས་བཏང་སྟེ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མུ་མཐུད་མཐོ་རུ་བཏང་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་རྒྱལ་ཁབ་རིམ་པའི་ཞིང་འབྲོག་ལས་དེང་རབས་ཐོན་ལས་གླིང་1བསྐྲུན་པ་དང་། རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་3དང་གྲོང་ཁྱེར་རིམ་པའི་སྣེ་འདྲེན་ཁེ་ལས་19ཡོད་པ། རྒྱལ་ཁབ་རིམ་པའི་མཉམ་ལས་ཁང་32དང་། རང་སྐྱོང་ལྗོངས་རིམ་པའི་མཉམ་ལས་ཁང་11 རང་སྐྱོང་ལྗོངས་རིམ་པའི་ཁྱིམ་ཚང་འབྲོག་ར་7བཅས་རེ་ཞུ་ཐུབ་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་1636འཕེལ་རྒྱས་བཏང་བ། ཁྱིམ་ཚང་འབྲོག་ར་3465དང་གསོ་སྤེལ་དུད་ཚང་ཆེན་པོ་4564ཐོ་འགོད་བཅས་བྱས་པས། རིམ་པ་མང་བ་དང་ཁྱོན་ཡོངས་ལ་ཁྱབ་པའི་ཐོན་ལས་སྒྲིག་གཞིའི་མ་ལག་ཅིག་ཆགས་ཡོད།

    དེ་དང་ཆབས་ཅིག ནག་ཆུ་གྲོང་ཁྱེར་ཞིང་འབྲོག་ལས་ཚན་རྩལ་ཞིབ་འཇུག་ཁྱབ་གདལ་ལྟེ་གནས་ཀྱི་དྲོད་ཁང་དུ་ཞིང་ལས་ལག་རྩལ་མི་སྣས“མཛེས་མ་ནག་རིལ”ཞོག་ཁོག་ལ་ལྟ་གྱིན་ངོ་གདོང་ནས་ལོ་ལེགས་ཀྱི་འཛུམ་མདངས་འཕྱུར། འདི་ལོའི་ཟླ་8པར་ནག་ཆུས་ས་བབ་མཐོ་ཚད་སྨི་4500ཡན་ལ“མཛེས་མ་ནག་རིལ”ཞོག་ཁོག་ཐོག་མར་ཚོད་འདེབས་ལེགས་གྲུབ་བྱུང་བར་མུའུ་རེའི་ཐོན་ཚད་རྒྱ་མ་1946.76ཟིན་ཡོད།

    ཐོན་ལས་འཕེལ་རྒྱས་འགྲོ་བའི་གོམ་སྟབས་དང་བསྟུན་ནས་གྲོང་ཁྱེར་དེའི་འཚོ་བའི་སྤུས་ཚད་ཀྱང་དུས་མཉམ་དུ་མཐོ་རུ་ཕྱིན་ཡོད། ཟླ་10ཚེས་15ཉིན། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་ལྷོ་ཕྱོགས་གྲོང་གསར་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་གཏོང་རྣམ་གྲངས་ཀྱི་དུས་རིམ་གཉིས་པ་དངོས་སུ་དྲོད་གཏོང་འགོ་ཚུགས་པས་ལྷོ་ཕྱོགས་གྲོང་གསར་གྱི་གྲོང་མིའི་ཁྱིམ་དུ་དྲོ་སོབ་སོབ་བྱུང་ཡོད། མིག་སྔར་རྣམ་གྲངས་དེས་ནག་ཆུ་གྲོང་ཁུལ་གྱི་བཟོ་སྐྲུན་སྨི་ངོས་གྲུ་ཁྲི་145ལ་དྲོད་རླངས་མཁོ་འདོན་བྱས་པ་དང་། རྣམ་གྲངས་ཚང་མ་བསྐྲུན་རྗེས་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་30ཉུང་དུ་གཏོང་ཐུབ་ནས་ནག་ཆུ་གྲོང་ཁྱེར་གྱི་ནོར་སྲིད་འགྲོ་སོང་སྒོར་ཁྲི་5000ཙམ་གྲོན་ཆུང་ཐུབ་ཡོད།

    རྨང་གཞིའི་འཛུགས་སྐྲུན་གྱི་ལེའུ་གསར་བརྩམས་པ།

    བོད་དུ་འཛུགས་སྐྲུན་བྱེད་བཞིན་པའི་མ་འཇོག་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་མཛོད་འབྲིང་གྲས་མེ་འབར་ཐང་ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་2327ཟིན་པ་དང་། ཨར་ལས་ཐད་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་9.64བཏང་བ་དང་སྔོན་དཔག་བྱས་ན་2026ལོའི་ཟླ་6ཚེས་30ཉིན་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་རེད། མེ་འབར་ཐང་ཆུ་མཛོད་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས། སོག་ཆུའི་སྨད་རྒྱུད་ཀྱི་རྩྭ་ས་མུའུ་ཁྲི་4.44ཡི་ཆུ་འདྲེན་དགོས་མཁོ་ནུས་ལྡན་ཐག་གཅོད་ཐུབ་རྒྱུ་དང་། སོག་རྫོང་དང་སྦྲ་ཆེན་རྫོང་གི་གྲོང་མི་ཁྲི་5.31གི་འཐུང་ཆུའི་བདེ་འཇགས་འགན་ལེན་ཐུབ་རྒྱུ། ལོ་རེའི་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.51གི་ནུས་རྒྱུ་གཙང་མས་འབབ་རྒྱུད་ཀྱི་གློག་དཀོན་པའི་གནས་ཚུལ་ལེགས་སུ་གཏོང་ཐུབ་རྒྱུ་རེད།

    “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་མ་ལག་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་སྟེ།“འཕྲེད་གསུམ་གཞུང་བཞི་བགྲོད་ལམ་བཞིའི”གཞུང་ལམ་སྒྲོམ་གཞི་སྤྱིའི་ཆ་ནས་གྲུབ་པ་དང་། G345ཡི་སྙན་རོང་ནས་ནག་ཆུ་བར་གྱི་ལམ་དུམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ། G6གོར་མོ་ནས་ནག་ཆུ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་གློག་རླངས་ཅན་སྒྱུར་བཀོད་ཀྱི་དུས་གོང་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཡོད། དེ་དང་ཆབས་ཅིག་འཕྲིན་གཏོང་དྲ་རྒྱ་འཛུགས་སྐྲུན་ཐད་ལའང་གཏམ་བཟང་ཡང་ཡང་གྲགས་ཤིང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ལ་འཕྲིན་གཏོང་བརྡ་རྟགས་ཁྱབ་ཚད་100%ཟིན་པ་དང་། དྲ་ཆེན་དྲ་རྒྱ་ས་ཁོངས་ཡོངས་ལ་ཁྱབ་པ། གྲོང་ཁྱེར་གྱི་ཟོག་འགྲེམས་ལྟེ་གནས་དང་དེ་བཞིན་གྲོང་ཁུལ་གྱི་5Gདྲ་རྒྱའི་འཛུགས་སྐྲུན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ཡོད།

    དམངས་འཚོའི་བདེ་རྩ་སྐས་རིམ་གསར་པར་སླེབས་པ།

    “བསམ་ཡུལ་ལས་འདས་པ་ཞིག་ལ་ཁ་པར་རྒྱག་ཐེངས་གཅིག་ལ་ང་རང་ལ་གྲོང་ཁུལ་ནས་གནས་སྐབས་ཀྱི་ཁྱིམ་ཞིག་རག་བྱུང”ཟླ་7ཚེས་18ཉིན་ལས་ཀ་འཚོལ་བཞིན་ཡོད་པའི་རིན་ཆེན་བདེ་ཆེན་ནག་ཆུ་གྲོང་ཁྱེར་དུ་བཙུགས་པའི“ལས་འཚོལ་ས་ཚིགས”ནས་ཁང་པ་ཞིག་བདེ་བླག་ངང་རག་ཡོད། འདི་ལོ་ནས་བཟུང་། ཐེམ་ཁུངས་ནག་ཆུ་ནས་ཡིན་པའི་ལས་ཀ་འཚོལ་མཁན་མཐོ་སློབ་སློབ་ཐོན་སློབ་མ་ཡུལ་གཞན་དུ་ལས་ཞུགས་ཀྱི་མ་གནས་མཐོ་བ་དང་ལས་ཞུགས་ཆ་འཕྲིན་ཐོབ་དཀའ་བ་སོགས་ཀྱི་དཀའ་གནད་ལ་དམིགས་ནས། ནག་ཆུ་གྲོང་ཁྱེར་གྱིས“ལས་འཚོལ་ས་ཚིགས་དང་ལས་ཞུགས་ཞབས་ཞུ”ཟུང་དུ་འབྲེལ་བའི་གཞི་གཅིག་ཅན་གྱི་རྣམ་པ་ལྗོངས་ཡོངས་ཀྱི་སྔོན་ལ་བཙུགས་ཏེ།“རིན་མེད་ཞག་སྡོད་དང་གནད་སྨིན་ལས་ཞུགས་ཞབས་ཞུའི”སྐུལ་འདེད་བཏང་ནས་ལས་ཞུགས་ཞབས་ཞུའི“མཐའ་མའི་འགག་གནད”བསལ་ཡོད།

    ལས་ཞུགས་ནི་དམངས་འཚོའི་རྨང་གཞི་ཡིན་པ་དང་བདེ་ཐང་ནི་བདེ་སྐྱིད་ཀྱི་རྨང་གཞི་ཡིན། ནག་ཆུ་གྲོང་ཁྱེར་གྱིས་གཞོན་ནུ་ཚོར་ལས་ཀ་འཚོལ་བའི“མཐའ་མའི་འགག་གནད”བསལ་བ་དང་དུས་མཚུངས་ཁྱིམ་ཚང་ཁྲི་སྟོང་གི་བདེ་ཐང་དང་འབྲེལ་བ་ཡོད་པའི་དམངས་འཚོའི་འདུ་འགོད་གཞན་ཞིག་སྟེ། གཞི་རིམ་གྱི་བོད་ཀྱི་གསོ་བའི་རིག་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཡང་སོག་རྫོང་དུ་སྐུལ་འདེད་ཏན་ཏིག་བཏང་ཡོད།

    “ལས་འཚོལ་ས་ཚིགས”ཀྱིས་གཞོན་ནུ་ཚོར་ལས་ཞུགས་ཀྱི་ལམ་བུ་བཏོད་པ་ནས་བོད་ཀྱི་གསོ་བ་རིག་པའི་ཞབས་ཞུས་འབྲོག་པ་ཚོར་བདེ་སྲུང་གི་དྲ་བ་ཞིབ་ཚགས་སུ་བཏང་བའི་བར་གྱི་འགྱུར་ལྡོག་དེ་དག་ནི་ནག་ཆུ་གྲོང་ཁྱེར་གྱི་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཕྱོགས་ཡོངས་དང་ངོ་བོའི་རང་བཞིན་གྱི་མཐོར་འདེགས་བྱུང་བའི་བདེན་དཔང་ནུས་ལྡན་ཞིག་རེད།

    གྲངས་གཞི་དཔང་རྟགས་སུ་བྱས་ནས་བདེ་སྐྱིད་དངོས་སུ་ཚོར་ཞིང་། 2024ལོའི་ལོ་མཇུག་བར། ལས་ཞུགས་ཐད་ལ་གྲོང་ཁྱེར་ཡོངས་སུ་རིམ་རྩིས་བརྒྱབ་ན་ཞིང་འབྲོག་པ་མི་ཐེངས་ཁྲི་34ཙམ་ལས་ཞུགས་གཞན་སྒྱུར་ཐུབ་ནས་འབབ་འཕར་སྒོར་དུང་ཕྱུར་47ལྷག་ཙམ་བྱུང་བ་དང་། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་94.74%ཟིན་ཡོད། སློབ་གསོའི་ཁྱབ་ཁོངས་ཐད། སློབ་ལོ་མ་ལོན་པའི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་81%ལས་བརྒལ་བ་དང་འོས་འགན་སློབ་གསོ་སྲ་བརྟན་ཐུབ་ཚད་98.1%ལྷག་ཙམ་ཟིན་ནས་སློབ་གསོ་དྲང་སྙོམས་ཀྱི་ཉི་འོད་བྱང་རྩྭ་ཐང་དུ་འཕྲོ་བཞིན་ཡོད། སྨན་བཅོས་བདེ་ཐང་ཐད། ནག་ཆུ་གྲོང་ཁྱེར་གྱི་ས་མཐོའི་ནད་ཀྱི་གསོ་རིག་ཞིབ་འཇུག་ལྟེ་གནས་དང་། གྲོང་ཁྱེར་མི་དམངས་སྨན་ཁང་གི་ཚབས་ལྕིའི་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་གི་སྐྱེས་མ་སྐྱོབ་བཅོས་ལྟེ་གནས། གྲོང་ཁྱེར་120མྱུར་སྐྱོབ་ལྟེ་གནས། གཟུགས་པོ་བརྟག་དཔྱད་ལྟེ་གནས་སོགས་སྔ་རྗེས་སུ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་དེ་བཞིན་ཡུལ་གཞན་དུ་སྨན་བཅོས་བསྡོམས་རྩིས་དྲ་རྒྱ་ཕྱོགས་ཡོངས་ལ་ཁྱབ་སྟེ་མང་ཚོགས“ནད་གཞི་ལྟ་དཀའ་བའི”གནད་དོན་ཞི་ལྷོད་ནུས་ལྡན་ཕྱིན་ཡོད། བསམ་པའི་རིག་གནས་ཐད། གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་སྒྱུ་རྩལ་ཚོགས་པ(རུ་ཁག)ཕྱོགས་ཡོངས་ལ་ཁྱབ་ནས་རིག་རྩལ་བརྩམས་ཆོས་1180ལྷག་ཙམ་གསར་རྩོམ་དང་བསྐྱར་སྒྲིག་བྱས་པ་དང་། རིག་གནས་དམངས་ཕན་གྱི་འཁྲབ་སྟོན་ཐེངས་ཁྲི་7.58ལྷག་ཙམ་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བསམ་པའི་ཁྱིམ་གཞིས་ཕུན་སུམ་ཚོགས་སུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།