དུས་ཚིགས་དང་པོ་ནས་གསུམ་པའི་བར“གསར་གཉིས”སྲིད་ཇུས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
“རྒྱལ་ཁབ་ཀྱི་ཁ་གསབ་སྲིད་ཇུས་དང་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་གཟིགས་སྐྱོང་ཡོད་པ་དང་བསྟུན་ནས་ནང་དུ་ཁྱིམ་ཆས་ཆེ་བ་ཁག་གཅིག་ཁ་སྣོན་རྒྱག་རྩིས་ཡོད” ཉེ་ཆར། དྲ་ཐོག་ཚོང་དོན་ལས་སྟེགས་མང་པོ་ཞིག་གིས“བཅུ་གཅིག་ཟུང”གི་བྲིན་སྐུལ་བྱེད་སྒོ་སྤེལ་སྒང་ཡིན་པས་པེ་ཅིང་གྲོང་ཁྱེར་གྱི་གྲོང་མི་ཀྲེང་དབྱི་ཡིས་གད་རྒྱག་འཕྲུལ་མི་དང་སྒྲིལ་ཆས་གསུམ་ལྡན་གྱི་གོས་འཁྲུད་འཕྲུལ་ཆས་སོགས་ཉོས་པ་རེད།
ད་ལོ་འབྲེལ་ཡོད་སྡེ་ཚན་གྱིས་ཁག་བཞི་ལ་ཕྱེ་ནས་ས་གནས་ཁག་ཏུ་སྒོར་དུང་ཕྱུར་3000གི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་བཏང་ནས་འཛད་རྫས་རྙིང་པ་གསར་པར་བརྗེ་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་འཕར་ནས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་36.59ཟིན་པ་དེ་དུས་མཚུངས་ལས་4.5%འཕར་བ་དང་ན་ནིང་དང་བསྡུར་ན་བརྒྱ་ཆའི་གྲངས་1.0གྱིས་མགྱོགས་པ་ཡོད། གྲོང་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར་ཁྲི་2.16ཟིན་ནས་4.6%འཕར་བ། མཐའ་མའི་འཛད་སྤྱོད་གཏོང་སྒོས་དཔལ་འབྱོར་འཕར་བར་ལེགས་སྐྱེས་ཕུལ་ཚད་53.5%ཟིན་ཡོད་པ་རེད།
རྙིང་པ་གསར་པར་བརྗེ་བའི་འབྲེལ་ཡོད་ཚོང་ཟོག་ཕྱིར་ཚོང་ཅུང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས། ཟླ་བ་དགུ་པར་བཅད་གྲངས་ཡན་གྱི་ཚན་པའི་འཕྲིན་གཏོང་ཡོ་བྱད་དང་། ཁྱིམ་ཆས། རིག་གནས་གཞུང་ལས་ཡོ་བྱད་བཅས་ཀྱི་སིལ་ཚོང་གྲངས་འབོར་16.2%དང་། 16.2% 6.2%སོ་སོར་འཕར་བ་དང་། རླངས་འཁོར་སིལ་འཚོང་བྱེད་ཚད་ཁྲི་224.1ཟིན་ནས་6.3%འཕར་ཡོད། ཟླ་10ཚེས་22ཉིན་བར། ད་ལོ་རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་རེ་ཞུ་བྱེད་ཚད་ཁྲི་1000ལས་བརྒལ་ཡོད། གྲངས་འཛིན་དང་ལྗང་མདོག་སོགས་འཛད་སྤྱོད་བྱེད་སྟངས་གསར་པ་འཕེལ་རྒྱས་ཡག་པོ་བྱུང་ནས་ཟླ་བ་དགུ་པར་རིག་ནུས་ཆ་ལུགས་སྒྲིག་ཆས་དང་གད་རྒྱག་འཕྲུལ་མི་བྲིན་འཚོང་བྱེད་ཚད་15%ལྷག་ཙམ་འཕར་བ་དང་། ནུས་གསར་འགྲུལ་སྐྱེལ་རླངས་འཁོར་སིལ་འཚོང་བྱེད་ཚད་ཁྲི་129.6ཟིན་ནས་15.5%འཕར་བ། སྤྱོད་ཚད་57.8%ཟིན་ཡོད་པ་རེད།
རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བར་འཛད་སྤྱོད་ཆེར་སྐྱེད་བྱེད་དགོས་ལ། མ་འཇོག་ལུགས་མཐུན་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱས་ནས་མ་འཇོག་གི་ཕན་འབྲས་ཆེ་རུ་གཏོང་དགོས།
འཁོར་ཁང་ནང་། རིག་ནུས་འཕྲུལ་མིས་ལས་ཀ་བྱེད་བཞིན་ཡོད་པ་དང་། ལམ་ངོས་སུ་སྦགས་བཙོག་མེད་པ་དང་འཛེར་སྒྲ་ཆུང་བའི་ནུས་གསར་སྤྱི་སྤྱོད་རླངས་འཁོར་རྒྱུག་བཞིན་པ། སྡེ་ཁུལ་ནང་ཆུ་མཁོ་འདོན་གྱི་མདོང་དྲ་སྒྱུར་བཀོད་བྱས་པ། སྡོད་ཁང་གི་གློག་སྐས་གསར་པ་བརྗེས་པ་ལ་སོགས། ད་ལོ་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱིས་སྒྲིག་ཆས་གསར་སྒྱུར་ལ་རྒྱབ་སྐྱོར་བྱེད་པའི་ཐད་མ་དངུལ་གྱི་གཞི་ཁྱོན་སྒོར་དུང་ཕྱུར་2000བར་མང་དུ་བཏང་བ་དང་། རྒྱབ་སྐྱོར་བྱེད་ཁྱོན་དེ་གློག་རྡུལ་ཆ་འཕྲིན་དང་། བདེ་འཇགས་ཐོན་སྐྱེད། སྒྲིག་ཆས་ཞིང་ལས་སོགས་ཀྱི་ཁྱབ་ཁོངས་བར་རྒྱ་ཆེར་བཏང་ཡོད། ནོར་སྲིད་དང་དངུལ་རྩའི་སྲིད་ཇུས་དུས་ཐོག་ཏུ་བཏོན་པ་དང་སྣ་འདུས་ཐབས་བཟང་རབ་དང་རིམ་པས་སྲིད་ཇུས་ལག་ལེན་བསྟར་ཤུགས་ཆེ་བ་དང་ཕན་འབྲས་བཟང་པོ་ཐོན་རྒྱུར་འགན་ལེན་བྱེད་བཞིན་ཡོད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་སྒྱུར་རྣམ་གྲངས་སྤྱི་ཡོངས་ནས“ས་གནས་ཀྱིས་ཞིབ་དཔྱད་དང་རྒྱལ་ཁབ་ཀྱིས་བསྐྱར་བཤེར”བྱེད་སྟངས་གཞིར་བཟུང་ལེགས་འདེམས་འགག་སྲུང་བྱས་ཏེ་རེ་ཞུའི་ཞིབ་མཆན་བརྒྱུད་རིམ་སྟབས་བདེ་རུ་བཏང་ཡོད།
ཀོང་ཏུང་མེ་ཏི་གྲང་བཟོའི་སྒྲིག་ཆས་ཚད་ཡོད་ཀུང་སིས་གྲང་བཟོའི་ཐོན་རྫས་ཞིབ་སྤེལ་དང་ཐོན་སྐྱེད་སྒྲིག་ཆས་གསར་སྒྱུར་ལག་རྩལ་སྒྱུར་བཀོད་རྣམ་གྲངས་རེ་ཞུ་བྱས་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་4དང་སྲིད་ཇུས་ཁ་གསབ་སྒོར་ཁྲི་6000བརྩོན་ལེན་བྱས་པས་རྒྱབ་སྐྱོར་བསྡུར་ཚད་15%ཟིན་ཡོད། “བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་རེ་ཞུ་བྱས་པས་རེ་ཞུ་བྱེད་པ་ནས་མ་དངུལ་འབྱོར་བའི་བར་ཟླ་བ་གསུམ་ལས་འགོར་གྱི་མེད” ཀུང་སིའི་ཚན་རྩལ་སྲིད་ཇུས་གཞུང་ལས་ཁང་གི་ཀྲུའུ་རེན་ཝུན་ཅན་ཁང་གིས་རང་འགུལ་ཅན་གྱི་སྒྲིག་ཆས་བཏོན་རྗེས། ཐོན་སྐྱེད་ལས་ཕྱོད་ཆེ་རུ་ཕྱིན་ནས་སྒྲིག་ཆས་སྐྱོན་ཤོར་ཚད་ཆུང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།
ད་ལོའི་ལོ་སྟོད་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་གྲངས་འཛིན་ཅན་གྱི་ཞིབ་སྤེལ་ཇུས་འགོད་ཡོ་བྱད་ཡོངས་ཁྱབ་ཐུབ་ཚད་85.4%ཟིན་པ་དང་འགག་རྩའི་ལས་རིམ་གྲངས་འཛིན་ཚོད་འཛིན་བྱེད་ཚད་67.7%ཟིན་ཡོད། གཞི་ཁྱོན་ཡན་གྱི་སྒྲིག་ཆས་གསར་སྒྱུར་བྱེད་པ་དེ་བཟོ་ལས་ཁེ་ལས་ཀྱིས་ཐོན་རྫས་སྤུས་ཚད་ལེགས་གཏོང་དང་། ཐོན་སྐྱེད་ལས་ཕྱོད་ཆེར་གཏོང་། འགྲན་རྩོད་ལེགས་ཆ་གཏོད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་དུ་གྱུར་ཡོད།
ད་ལོའི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱིས་སྒྲིག་ཆས་གསར་སྒྱུར་ལ་རྒྱབ་སྐྱོར་བྱེད་པའི་མ་འཇོག་ཁ་གསབ་མ་དངུལ་བཏང་ནས་རྣམ་གྲངས་8400ཙམ་ལ་རྒྱབ་སྐྱོར་བྱས་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་ཁྲི་1གཏོང་རྒྱུར་སྐུལ་ཁྲིད་བྱས་ནས། མ་དངུལ་གྱི་འདེགས་སྐུལ་ཕན་འབྲས་1:5.3ཟིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་སྒྲིག་ཆས་ཡོ་བྱད་ཉོ་སྒྲུབ་ཐད་མ་དངུལ་གཏོང་ཚད་དུས་མཚུངས་ལས་14.0%འཕར་ནས་ཁྱོན་མ་དངུལ་གཏོང་ཚད་བརྒྱ་ཆའི་གྲངས་2.0འཕར་རྒྱུར་སྐུལ་ཁྲིད་བྱས་ཏེ་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།