དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཐེ་ལན་གྱི་ཚན་རིག་མཁས་ཅན་དེ་བས་མང་བ་ཀྲུང་གོའི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ལ་སྡོད་རྒྱུའི་རེ་བ་ཡོད”

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  སུན་ཀོང་ཡུང་།   |     སྤེལ་དུས།  2025-11-12

    ཉེ་ཆར། ཐེ་ལན་དུ་དུས་ཡུན་ཉིན་ལྔའི“གངས་འབྲུག་ཨང་2པ”རྟགས་ཅན་གྱི་གླིང་སྣེའི་ཚན་རིག་རྟོག་ཞིབ་ཀྱི་དར་གཤག་གྲུ་གཟིངས་འཚམས་འདྲི་དང་སྤྱི་དམངས་ལྟ་སྐོར་ལ་སྒོ་དབྱེའི་བྱེད་སྒོ་སྤེལ་བ་རེད། དེ་ནི་ཀྲུང་གོའི་གླིང་སྣེའི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ཐེ་ལན་དུ་འཚམས་འདྲི་བྱེད་ཐེངས་དང་པོ་རེད། ཐེ་ལན་གྱི་སྲས་མོ་ཧྲི་ལིན་ཐུང་དང་ཐེ་ལན་གྱི་ཚན་ཞིབ་མི་སྣ་སོགས་གྲུ་གཟིངས་ལ་བསྡད་ནས་ལྟ་སྐོར་བྱས་པ་དང་། ཀྲུང་གོ་དང་ཐེ་ལན་གྱིས་མཉམ་འབྲེལ་ཐོག་རིག་གཞུང་ཚོགས་འདུ་དང་ཚན་རིག་ཁྱབ་གདལ་གྱི་འགྲེམས་སྟོན་བྱས་ཏེ། སྤྱི་དམངས་ལ་གླིང་སྣེའི་ཤེས་བྱ་དང་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཁྱབ་གདལ་བཏང་བས། ཐེ་ལན་དམངས་ཚོགས་ཀྱིས་གླིང་སྣེའི་ཚན་རིག་ཤེས་བྱར་ཤེས་རྟོགས་ཡོང་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

    “ཐེ་ལན་གྱི་ཚན་རིག་མཁས་ཅན་ཁྱོན་བསྡོམས་17ཀྲུང་གོའི་གླིང་སྣེའི་ཚན་རིག་རྟོག་ཞིབ་ནང་ཞུགས་པ་དང་། མི་5དེ་སྔོན་ཀྲུང་གོའི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ལ་སྡོད་མྱོང་ཡོད། “གངས་འབྲུག་ཨང་2པ”རྟགས་ཅན་གྱི་གླིང་སྣེའི་ཚན་རིག་རྟོག་ཞིབ་དར་གཤག་གྲུ་གཟིངས་ལ་བསྡད་ནས་ཚན་རིག་རྟོག་ཞིབ་ལས་འགན་ནང་ཞུགས་པའི་གོ་སྐབས་བཟང་པོ་ཐོབ་པ་མ་ཟད། འཕྲེད་ཐིག་བྱང་མ་ཏུའུ་90ལ་བདེ་བླག་ངང་འབྱོར་བར་ང་རང་ཧ་ཅང་དགའ་པོ་བྱུང་། ཐེ་ལན་གྱི་ཚན་རིག་མཁས་ཅན་དེ་བས་མང་བ་ཀྲུང་གོའི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ལ་བསྡད་དེ་གླིང་སྣེའི་ཚན་རིག་རྟོག་ཞིབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད”ཅེས་ཐེ་ལན་ཀྲུའུ་ལཱ་ལུང་ཀུང་སློབ་ཆེན་ཆུའི་ཐོན་ཁུངས་ཞིབ་འཇུག་ཁང་གི་མཐོ་རིམ་ཞིབ་འཇུག་པ་ཨ་ནུའུ་ཕ·ཕ་ཉི་ཕེང་གིས་བཤད།

    2023ལོའི་ཟླ་7ཚེས་12ཉིན་ནས་ཟླ་9ཚེས་27ཉིན་བར། ཀྲུང་གོའི་འཁྱགས་རུམ་རྒྱ་མཚོ་བྱང་མའི་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་བཅུ་གསུམ་པ“གངས་འབྲུག་ཨང་2པ”རྟགས་ཅན་གྱི་གླིང་སྣེའི་ཚན་རིག་རྟོག་ཞིབ་དར་གཤག་གྲུ་གཟིངས་ལ་བསྡད་དེ། འཁྱགས་རུམ་རྒྱ་མཚོ་བྱང་མར་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་སྒྲུབ་པར་བསྐྱོད་ཅིང་། ཨ་ནུའུ་ཕ་སོགས་ཕྱི་རྒྱལ་གྱི་ཚན་རིག་མཁས་ཅན“གངས་འབྲུག་ཨང་2པ”རྟགས་ཅན་གྱི་གྲུ་གཟིངས་ལ་བསྡད་ནས་ཀྲུང་གོའི་ཚན་རིག་མཁས་ཅན་དང་མཉམ་དུ་འབྲེལ་ཡོད་ཞིབ་འཇུག་བྱས་པར་དུས་ཡུན་ཉིན་78འགོར་བ་དང་ཁྱོན་མཚོ་འགྲུལ་ལམ་ཐག་མཚོ་ལེ་ཁྲི་1.5ལྷག་ཙམ་བསྐྱོད་ཡོད། ཐེངས་དེའི་བྱང་སྣེའི་འགྲུལ་བཞུད་ཀྱིས་ཨ་ནུའུ་ཕ་ལ་བག་ཆགས་ཟབ་མོ་བཞག་ཅིང་། ཁོང་གིས“‘གངས་འབྲུག་ཨང་2པ’རྟགས་ཅན་གྱིས་ང་ཚོའི་ཚན་རིག་ཞིབ་འཇུག་དང་འཚོ་བར་ཆ་རྐྱེན་ཧ་ཅང་བཟང་པོ་བསྐྲུན་ཡོད། དེ་ནི་ཀྲུང་གོས་རང་བརྟེན་ངང་བཟོས་པའི་གླིང་སྣེའི་ཚན་ཞིབ་དར་གཤག་གྲུ་གཟིངས་དང་པོ་དེ་ཡིན་པ་དང་། དེ་ཐོག་ནས་ཀྲུང་གོར་གསར་གཏོད་དང་ལག་རྩལ་འཕེལ་རྒྱས་ཐད་ཡར་རྒྱས་བྱུང་བ་མཚོན་ཡོད”ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་པོས་རྒྱ་མཚོ་དང་གླིང་སྣེའི་ཁྱབ་ཁོངས་སུ་མཉམ་ལས་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཀྲུང་གོ་དང་ཐེ་ལན་གྱི་གནམ་གཤིས་དང་རྒྱ་མཚོའི་སྐྱེ་ཁམས་མ་ལག་མཉམ་འབྲེལ་ཚོད་ལྟ་ཁང་དང་སྲས་མོ་ཧྲི་ལིན་ཐུང་གི་ལྷོ་སྣེའི་མཉམ་འབྲེལ་ཚོད་ལྟ་ཁང་མཉམ་དུ་བཙུགས་པ། མཉམ་འབྲེལ་མཚོ་འགྲུལ་དང་། མཉམ་ལས་ཞིབ་འཇུག ནུས་པ་འཛུགས་སྐྱོང་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད། རྒྱ་མཚོའི་ཁྱབ་ཁོངས་ཀྱི་བཀོད་འདོམས་དམག་གྲུའི་མཉམ་ལས་རྣམ་གྲངས་ཁག་9གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་ནས་ཐེ་ལན་གྱི་ཚན་རིག་མཁས་ཅན་མང་པོ་ཀྲུང་གོའི་རྟོག་ཞིབ་རུ་ཁག་དང་མཉམ་དུ་ལྷོ་སྣེ་དང་བྱང་སྣེར་སྐྱོད་པར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།