དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སའི་མཐུན་སྒྲིལ་སྤྱི་གླིང་ཉི་འོད་གྲོང་ཁྱེར་གྱི་གནས་རྟགས་གསར་པར་གྱུར་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-12

    ཉེ་ཆར། ལྷ་ས་མཐུན་སྒྲིལ་སྤྱི་གླིང་དང་ཕོ་བྲང་པོ་ཏ་ལའི་མཐའ་འཁོར་གྱི་ཆུ་རྒྱུད་སྐྱེ་ཁམས་ཁུལ་གྱི་ལྕགས་པོ་རིའི་ཁོར་ཡུག་བཅོས་སྒྲིག་ལས་གྲྭའི་རྣམ་གྲངས་དངོས་སུ་ལེགས་གྲུབ་བྱུང་ནས་སྤྱོད་འགོ་ཚུགས་ཡོད། ཕོ་བྲང་པོ་ཏ་ལའི་ནུབ་འདབས་ས་ཁོངས་ཀྱི་སྐྱེ་ཁམས་ཉམས་གསོ་བྱས་ནས་རྣམ་པ་གསར་པ་བཏོད་རྗེས། ད་ཆ་སྐྱེ་ཁམས་དང་། གསོ་འཁྱོངས། རིག་གནས་འགྲེམས་སྟོན། དམངས་འཚོའི་སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་གྲོང་ཁྱེར་སྤྱི་གླིང་དུ་གྱུར་པ་དེ་སྒོ་ཕྱེ་བ་ནས་བཟུང་སྤྱི་ཚོགས་ལས་རིགས་ཁག་གི་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་ཡོད།

    ད་ཐེངས་ཀྱི་ཁོར་ཡུག་བཅོས་སྒྲིག་ལས་གྲྭས“རི་མངོན་པ་དང་། ཆུ་དྭངས་བ། སྔོ་ལྗང་མཐོང་རྒྱུ་ཡོད་པ། མཚེའུ་མུ་ལ་མུ་འབྲེལ། གྲོང་ཁྱེར་མཛེས་པ་བཅས”ལྟེ་བའི་ཇུས་འགོད་འདུ་ཤེས་ལ་གཞིགས་ཏེ། རི་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་དང་། ལོ་རྒྱུས་ཀྱི་ཆུ་རྒྱུན་སླར་གསོ། སྤྱི་གླིང་གི་ད་ལྟའི་གནས་བབ་མཐོར་གཏོང་བཅས་ཀྱི“ལས་འགན་ཆེན་པོ་གསུམ”ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ཡོད། ལས་གྲྭ་དེས་ཕོ་བྲང་པོ་ཏ་ལ་དང་། ལྕགས་པོ་རི། ཟངས་ནོར་སྤྱི་གླིང་སོགས་སྦྲེལ་མཐུད་བྱས་ནས་རིག་གནས་ཤུལ་བཞག་གི་མཐོང་ལམ་བར་ཁྱམས་འབྲེལ་མཐུད་བྱས་ཏེ་མི་ཆོས་རིག་གནས་གནའ་ཤུལ་དང་རང་བྱུང་གི་ཡུལ་ལྗོངས་ཞི་མཐུན་མཉམ་འདྲེས་བྱས་ཡོད།

    ས་བབ་མཐོ་བའི་ཨར་སྐྲུན་གྱི་འགྲན་སློང་མདུན་དུ་རྣམ་གྲངས་འཛུགས་སྐྲུན་ཚོགས་པས་ཤིང་སོན་གྲང་སྦྲེལ་སྐྱེལ་འདྲེན་དང་། འདེབས་འཛུགས་ས་རྒྱུ་ལེགས་བཅོས། ཐིགས་ཆུ་བཏང་ནས་བཞའ་ཚན་འགན་སྲུང་སོགས་ཀྱི་ལག་རྩལ་གསར་གཏོད་བེད་སྤྱོད་བྱས་པས་སྡོང་རིང་སྐྱེ་ཤིང་དང་སྡོང་ཐུང་སྐྱེ་ཤིང་སྣ་ཚོགས་གསོན་ཚད་འགན་ལེན་ཐུབ་ཡོད། རྣམ་གྲངས་དེས་གཞི་ཁྱོན་ཆེ་བའི་སྔོ་འགྱུར་མངོན་འགྱུར་བྱུང་སྟེ་ཤིང་སོན་སྣ་ཁ་བཅུ་ཕྲག་ཁ་ཤས་རྩ་བ་ཚུགས་ནས་སྐྱེ་འཚར་བྱུང་བ་མ་ཟད། གཞི་ཁྱོན་ཆེ་བའི་མི་ཐབས་མཚེའུའི་སྐྱེ་ཁམས་ཆུ་རྒྱུད་ལས་ས་མཐོའི་གྲོང་ཁྱེར་གྱི་སྐྱེ་ཁམས་མ་ལག་ཆ་ཚང་པོ་ཞིག་གྲུབ་པ་དང་། སྐྱེ་ཁམས་ཀྱི་ཕན་འབྲས་ཆེ་རུ་ཕྱིན་པ་དེས་གྲོང་མི་མང་ཚོགས་ལ་དམངས་འཚོའི་བདེ་རྩ་ཆེ་རུ་ཕྱིན་པ་དངོས་སུ་ཚོར་ཐུབ་པ་བྱུང་ཡོད།

    གྲོང་མི་སྐལ་བཟང་པད་མས“དེ་སྔ་འདི་གར་སྔོ་ཚལ་ཁྲོམ་ར་ཡིན་པ་དང་མཐའ་འཁོར་དུ་སྤྱི་གླིང་ཆུང་ཆུང་ཞིག་ལས་མེད། ད་ཆ་སྤྱི་གླིང་ཆེན་པོ་ཞིག་ཏུ་གྱུར་པ་མ་ཟད། ད་དུང་རླངས་འཁོར་འཇོག་ས་བཟོས་ཡོད། མ་གཞི་ད་ལྟ་ནམ་ཟླ་སྟོན་ཀར་སླེབས་ཟིན་མོད། འོན་ཀྱང་སྤྱི་གླིང་ནང་སྔར་བཞིན་འཁྲུག་ཆ་དོད་པོ་འདུག དེ་ནི་གཟའ་མཇུག་འཆམ་འཆམ་དུ་སྐྱོད་ས་ཡག་པོ་ཞིག་རེད་འདུག”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།