དབུ་ཤོག
  • དྲོད་ལེན་ཐབས་ཤེས་ན་བདེ་འཇགས་ཡོང་ངེས་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-12

    དྲོད་ལེན་སྒྲིག་ཆས་ཀྱིས་གྲང་ངར་སེལ་བ་དང་དུས་མཚུངས་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་ཆེན་པོའང་ཡོད། གལ་ཏེ་སྣང་མེད་དུ་ཤོར་ན་ཟློག་ཐབས་བྲལ་བའི་གནོད་འཚེ་ཆེན་པོ་བཟོ་སྲིད་པས་ངེས་པར་དུ་གཤམ་གསལ་གྱི་བདེ་འཇགས་དྲན་སྐུལ་དག་བློ་ལ་བརྟན་པོར་ངེས་དགོས། བདེ་འཇགས་ལྡན་པའི་དྲོད་ལེན་པར་ཡིད་གཟབ་བྱེད་དགོས་པ་འགའ།

    གཅིག བདེ་འཇགས་ལྡན་པའི་དྲོད་ལེན་པར་དོ་སྣང་བྱེད་དགོས་པ་སྟེ།

    1.དྲོད་ལེན་པར་མེ་དང་གློག་གི་བདེ་འཇགས་ལ་དོ་སྣང་བྱེད་དགོས་མ་ཟད། མཐའ་འཁོར་གྱི་འབར་སླ་བའི་དངོས་པོ་དུས་ཐོག་ཏུ་བསྡུ་གསོག་རྒྱག་དགོས། ཕྱི་ལ་འགྲོ་སྐབས་གློག་ཁུངས་དང་འབར་རླངས་ཀྱི་གཅུས་ཕུར་འགོག་དགོས།

    2.དྲོད་ལེན་སྒྲིག་ཆས་སྤྱོད་སྐབས་རྒྱལ་ཁབ་ཀྱི་བདེ་འཇགས་དཔང་ཡིག་ཡོད་པ་དང་སྤུས་ཚད་ཚད་དང་ལྡན་པའི་ཚོང་ཟོག་འདེམས་དགོས།

    3.གསལ་བཤད་ཡི་གེ་ལྟར་དྲོད་ལེན་སྒྲིག་ཆས་ཡང་དག་སྤྱོད་དགོས་ལ་རྒྱུན་དུ་སྒྲིག་ཆས་ལ་སྐྱོན་ཤོར་ཡོད་མེད་དང་གློག་སྐུད་སྐྱོན་ཤོར་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་དགོས།

    4.ཟངས་དང་། ལྕགས། ཧ་ཡང་བཅས་ཀྱི་གློག་སྐུད་ཀྱིས་ཉེན་སྐྱོབ་གློག་སྐུད་ཀྱི་ཚབ་གཏན་ནས་བྱེད་མི་རུང་། གློག་སྐུད་ཀྱི་ཐེག་ཚད་དང་འཚམ་པའི་ཉེན་སྐྱོབ་སྐུད་པ་འདེམས་པ་ལས་གང་བྱུང་བརྗེ་པོ་རྒྱག་མི་རུང་།

    5.བཞའ་ཚན་ཆེ་བའི་འོག(དཔེར་ན་ཁྲུས་ཁང་)དྲོད་ལེན་སྒྲིག་ཆས་སྤྱོད་མི་རུང་ལ། དེ་བས་སྒྲིག་ཆས་ལ་ཆུ་ཤོར་བ་དང་རློན་པ་ཆགས་མི་རུང་། དེ་ལྟར་བྱས་ན་སྒྲིག་ཆས་ལ་སྐྱོན་ཤོར་སྲིད་ལ་གློག་འཁྱུད་པའི་ཉེན་ཁའང་ཐོན་སྲིད།

    6.གལ་ཏེ་མེ་སྐྱོན་ཐོན་ཚེ་དུས་ཐོག་ཏུ་119ལ་ཁ་པར་བརྒྱབ་ནས་ཉེན་བརྡ་གཏོང་དགོས། ཉེ་འགྲམ་དུ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཐོན་པ་ཤེས་ཚེ་དུས་ཐོག་ཏུ་96119ལ་ཁ་པར་བརྒྱབ་ནས་སྙན་སེང་ཞུ་དགོས།

    གཉིས། མེ་ཟོན་སྔོན་འགོག་གི་དྲན་སྐུལ།

    1.ཕྱིར་ཐོན་སྐབས་ངེས་པར་དུ་གློག་གསོད་རྒྱུ་མ་བརྗེད་པ་བྱེད་དགོས། མི་མང་པོ་ཞིག་གིས་ཕྱིར་ཐོན་སྐབས་ཁང་པའི་ནང་གི་དྲོད་ཚད་དམའ་རུ་མི་འགྲོ་བའི་ཆེད། རྒྱུན་དུ་གློག་དང་ཉི་ནུས་སོགས་ཀྱི་དྲོད་ལེན་སྒྲིག་ཆས་ཀྱི་གཅུས་ཕུར་གྱི་ཁ་འགོག་གི་མེད། གལ་ཏེ་ཕྱི་ལ་འགྲོ་རིང་དྲོད་ལེན་སྒྲིག་ཆས་ཀྱི་གློག་སྐུད་ཆད་པའམ་ཡང་ན་ཐེག་ཚད་ལས་བརྒལ་བའི་དབང་གིས་མེ་སྐྱོན་ཐོན་ནས་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ངན་པ་འབྱུང་སྲིད།

    2.བདེ་འཇགས་ཀྱི་བར་ཐག་ལ་དོ་སྣང་བྱེད་དགོས། དྲོད་ལེན་སྒྲིག་ཆས་འཁོར་རྒྱུག་བྱེད་པའི་རྒྱུད་རིམ་ཁྲོད་སྒྲིག་ཆས་དང་དེའི་མཐའ་འཁོར་གྱི་དྲོད་ཚད་ཅུང་མཐོ་པོ་ཡོད་པས་གལ་ཏེ་ཧྲ་ཧྥ་དང་ཉལ་གདན་སོགས་འབར་སླ་བའི་དངོས་རྫས་ཐག་ཉེ་དྲགས་ན། མེ་སྐྱོན་ཐོན་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད་པས་ངེས་པར་དུ་འབར་སླ་བའི་དངོས་རྫས་དང་ཐག་རིང་ཙམ་འཇོག་དགོས།

    3.གློག་འཛུགས་ཐེག་ནུས་ལས་བརྒལ་མི་རུང་། གློག་ཁུངས་གློག་འཛུགས་གཅིག་གི་ཐོག་གློག་འཛུགས་ཐེག་ནུས་ལས་བརྒལ་བའི་བསྒར་སྣེ་སྤྱོད་མི་རུང་། མཁའ་རླུང་སྙོམས་སྒྲིག་ཡོ་ཆས་དང་གློག་དྲོད་སྒྲིག་ཆས་སོགས་ནུས་ཚད་ཆེ་བའི་སྒྲིག་ཆས་ལ་ཆེད་སྤྱོད་གློག་འཛུགས་སྤྱོད་དགོས། བསྒར་སྣེ་ཐེག་ནུས་ལས་བརྒལ་ནས་ཉེན་ཁ་ཐོན་རྒྱུ་སྔོན་འགོག་བྱེད་དགོས།

    4.དྲོད་ལེན་སྒྲིག་ཆས་མང་པོ་ཞིག་དུས་གཅིག་ཏུ་སྤྱོད་མི་རུང་། དྲོད་ལེན་སྒྲིག་ཆས་མང་པོ་ཞིག་དུས་གཅིག་ཏུ་བེད་སྤྱོད་བཏང་ཚེ་ནུས་ཚད་ཆེ་དྲགས་པའམ་གཅུས་སྒོར་སྐྱོན་ཤོར་བའམ་ཡང་ན་ཉེན་སེལ་ཞ་སྐུད་བཞུར་སྲིད། གལ་ཏེ་གློག་ཆས་བེད་སྤྱོད་བྱེད་ཚད་ཉུང་དུ་བཏང་ཚེ་གློག་སྤྱོད་ཀྱི་ཐེག་ནུས་ཆུང་དུ་འགྲོ་སྲིད།

    5.དུས་བཀག་ལྟར་ཞིབ་བཤེར་བྱེད་དགོས། དུས་བཀག་ལྟར་ཁྱིམ་གྱི་གློག་དང་གློག་སྐུད་ལ་ཞིབ་བཤེར་བྱས་ནས་གློག་སྐུད་རྙིང་པ་བརྗེ་པོ་རྒྱག་དགོས། གློག་ཆས་སྣ་ཚོགས་བེད་སྤྱོད་གཏོང་སྐབས། གལ་ཏེ་དུ་བ་ཐོན་པའམ་ཡང་ན་དྲི་མ་ཁ་ཚེ་ངེས་པར་དུ་གློག་ཁུངས་ལམ་སེང་བསད་ནས་ཞིབ་བཤེར་བྱེད་དགོས།

    6.ཚད་དང་མཐུན་པའི་གློག་ཁུངས་སྐུད་པ་འདེམས་དགོས། སྐབས་འཕྲལ་གྱི་གློག་ཁུངས་སྒྲིག་སྦྱོར་དང་མཐུད་སྐབས་གློག་ཁུངས་སྐུད་པ་དང་གློག་ཁུངས་གློག་འཛུགས་ཚད་དང་མཐུན་པ་འདེམས་དགོས། གློག་འཛུགས་བདེ་འཇགས་ལྡན་པ་ཡིན་དགོས་ལ། སྐྱོན་ཤོར་བ་མུ་མཐུད་སྤྱོད་མི་རུང་། གློག་ཁུངས་སྐུད་པའི་མཐུད་སྣེར་གློག་སྤྱོད་གློག་འགོག་འགྱིག་རས་ཀྱིས་བཏུམ་དགོས།

    7.གློག་ཆས་ལ་མེ་ཤོར་ཚེ་ཆུ་བཤོ་མི་རུང་། གློག་ཆས་ལ་མེ་འབར་སྐབས་ཆུ་བཤོས་ན་གློག་འཁྱུད་ནས་ལས་འཛོལ་ཐོན་སྲིད་པས་ཐད་ཀར་ཆུ་བཤོས་ཏེ་མེ་གསོད་མི་རུང་བར་སྔོན་ལ་གློག་བསད་རྗེས་གཞི་ནས་མེ་གསོད་དགོས།

    (བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།