དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བཅོས་སྒྲིག་ཞིབ་ཕྲ་བྱས་ནས་དཀའ་གནད་ཡོངས་སུ་སེལ། གནད་སྨིན་ཞབས་འདེགས་ཞུས་ནས་མི་སེམས་དྲོ་བར་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-12

    “སྡེ་ཁུལ་གྱི་དྲ་མིག་ལས་དོན་པ་ཚོར་དངོས་འབྲེལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་སྡེ་ཁུལ་དུ་སྡེ་ལས་མེད་པས། རླངས་འཁོར་ཡར་འཛུལ་མར་ཐོན་བྱ་རྒྱུ་དེ་གནད་དོན་ཞིག་ཏུ་གྱུར་ཡོད། ཡིན་ན་ཡང་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱིས་རང་འགུལ་ངང་རོགས་རམ་བྱས་ནས་དུད་ཚང་རེ་རེ་བཞིན་ཞིབ་བསྡུར་དང་ཐོ་འགོད་ནང་འཇུག་བྱས་ཏེ་ང་ཚོའི་དཀའ་གནད་ཆེན་པོ་བསལ་ཡོད”ཅེས་ཨན་ཅི་ཡོན་ཁུལ་ཆུང་གི་གྲོང་མི་བློ་བཟང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།

    ཉེ་ཆར། ཨན་ཅི་ཡོན་ཁུལ་ཆུང་གི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ལས་དོན་གཞི་ནས་བསྒྲུབས་པས་རླངས་འཁོར་དོ་དམ་མ་ལག་གསར་རྐྱང་ཞིག་བེད་སྤྱོད་གཏོང་ཉེར་ཡོད། མ་གཞི་འདི་ནི་འཚོ་སྡོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ཡག་པོ་ཞིག་ཡིན་མོད། འོན་ཀྱང་ཁུལ་ཆུང་དེར་སྡེ་ལས་དོ་དམ་མེད་པས། གྲོང་མིའི་འཁོར་རྟགས་ཆ་འཕྲིན་གཅིག་གྱུར་ཐོག་མ་ལག་ནང་འཇུག་རྒྱུ་དེ་དཀའ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད།

    གྲ་བཞི་ཁྲོམ་གཞུང་ཉི་དྲོས་གླིང་སྡེ་ཁུལ་གྱི་དྲ་མིག་ལས་དོན་པས་རྒྱུན་གཏན་གྱི་འཚམས་འདྲི་ལས་དོན་སྤེལ་བའི་ཁྲོད་གྲོང་མི་ཚོར་འགོག་རྐྱེན་བཟོ་བའི་གནད་དོན་དེ་ཤེས་རྟོགས་བྱུང་བས་འཕྲལ་མ་ཉིད་དུ་མཐུན་སྦྱོར་བྱས་ནས་གནད་དོན་ཐག་གཅོད་བྱས་པ་རེད།

    གནད་དོན་ཐག་གཅོད་བྱེད་པའི་འགག་རྩ་ནི་གནད་དུ་སྨིན་མིན་དང་ངང་རྒྱུད་རིང་མིན་ལ་ཐུག་ཡོད་པས། དྲ་མིག་ལས་དོན་པ་ཚོས་ཐབས་གཉིས་མཉམ་སྤྱོད་ཀྱིས་དྲ་ཐོག་ཏུ་དོ་བདག་གི་སྐད་འཕྲིན་ཚོགས་པའི་ནང་འཁོར་རྟགས་ནང་འཇུག་གི་བརྡ་ཐོ་དང་ཚང་དགོས་པའི་ལག་ཁྱེར་སོགས་ཁྱབ་བསྒྲགས་བྱས་ཏེ་ཆ་འཕྲིན་ཁྱབ་རྒྱ་ཆེ་བ་དང་བརྒྱུད་བསྒྲགས་བྱེད་མགྱོགས་པའི་འགན་ལེན་བྱས་པ་དང་། དྲ་ཕྱི་རུ་ལས་དོན་མི་སྣ་མངགས་ཏེ་ཐོག་ཁང་སྟར་པ་མང་པོའི་དབར་ཕར་རྒྱུག་ཚུར་རྒྱུག་དང་དུད་ཚང་རེ་རེར་བསྐྱོད་དེ་རླངས་འཁོར་ཆ་འཕྲིན་འཚོལ་བསྡུ་བྱས་པ་རེད། དྲ་མིག་ལས་དོན་པས་བགྲོད་སྐྱོད་ལག་ཁྱེར་དང་། འཁོར་རྟགས་ཨང་གྲངས། རླངས་འཁོར་གྱི་ལན་པར་སོགས་ཀྱི་ཆ་འཕྲིན་ཚང་མ་ཞིབ་བསྡུར་ཞིབ་ཚགས་བྱས་ནས་འབྱུང་རྩའི་གྲངས་གཞི་ནོར་འཁྲུལ་མེད་པའི་འགན་ལེན་བྱས་པ་དང་། དེ་རྗེས། ཁོང་ཚོས་ཆ་འཕྲིན་ཚང་མ་མ་ལག་གསར་པའི་ནང་རེ་རེ་བཞིན་ནང་འཇུག་བྱས་པ་རེད།

    གསར་དུ་བཙུགས་པའི་རིག་ནུས་སྒོ་མོ་ནས་རླངས་འཁོར་ཐོགས་མེད་ཤར་བགྲོད་ཐུབ་པ་མཐོང་སྐབས། ཨན་ཅི་ཡོན་ཁུལ་ཆུང་གི་གྲོང་མི་ཚེ་བརྟན་དབང་མོས་དྲ་མིག་ལས་དོན་པའི་སྙིང་ཉེའི་ཞབས་ཞུར་བསྟོད་བསྔགས་ཚད་མེད་བཏང་། དྲ་མིག་ལས་དོན་པས་རང་འགུལ་ངང་འགན་འཁུར་བ་དང་གནད་སྨིན་ཞབས་འདེགས་ཞུས་པས་སྡེ་ལས་མེད་པའི་ཁུལ་ཆུང་དེའི་དོ་དམ་དཀའ་གནད་གཞི་ནས་བསལ་བ་རེད།

    མིག་སྔར། དྲ་མིག་ལས་དོན་པའི་འབད་བརྩོན་ལྷོད་མེད་འོག ཨན་ཅི་ཡོན་ཁུལ་ཆུང་གི་རླངས་འཁོར་92ཀྱི་ཆ་འཕྲིན་ཚང་མ་མ་ལག་ནང་ནང་འཇུག་ཐུབ་སྟབས། ཁུལ་ཆུང་དེའི་རླངས་འཁོར་ཤར་བགྲོད་ལས་ཆོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་མ་ཟད། དོ་དམ་སྒྲིག་ལམ་ཡང་ལེགས་སུ་ཕྱིན་པས། གྲོང་མི་ཚོའི་གདོང་ལས་བློ་བདེ་ཡིད་ཚིམ་གྱི་འཛུམ་མདངས་འཕྱུར།

    ཉི་དྲོས་གླིང་སྡེ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས། འཁོར་རྟགས་ཆ་འཕྲིན་ནང་འཇུག་འཕེལ་རིམ་ལ་རྒྱུན་མཐུད་རྗེས་སྙེག་སྐུལ་འདེད་གཏོང་རྒྱུ་ཡིན། ཐོ་འགོད་བྱས་མེད་པའི་གྲོང་མིར་དུས་ཐོག་ཏུ་དྲན་སྐུལ་དང་གཞོགས་འདེགས་བྱས་ནས་ནང་འཇུག་བྱེད་དགོས་རིགས་ཚང་མ་ནང་འཇུག་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན། དེ་དང་དུས་མཚུངས། དྲ་མིག་ལས་དོན་པ་སྒྲིག་འཛུགས་ཀྱིས་མ་ལག་གསར་པའི་འཁོར་སྐྱོད་གནས་ཚུལ་ལ་དོ་སྣང་བྱས་ཏེ་གྲོང་མིས་བཀོལ་སྤྱོད་བྱེད་རིང་ཐོན་པའི་གནད་དོན་གསར་པ་ཐག་གཅོད་བྱ་རྒྱུར་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་བྱས་ནས། ཁུལ་ཆུང་དེའི་རླངས་འཁོར་རྦད་དེ་ཐོགས་མེད་ཤར་བགྲོད་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།