གནའ་བོའི་གྲོང་ནས་རྣམ་པ་གསར་པ་མངོན། འབད་འབུངས་མདུན་སྐྱོད་ལེའུ་གསར་མཉམ་དུ་རྩོམ།
—— ལྷ་ས་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱིར་དྲན་བྱས་པ།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ལས་བརྒལ་བར་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་རྒྱུན་མཐུད་འཕར་བ། མི་རིགས་མཐུན་སྒྲིལ་གྱི་རྨང་རྡོ་སྔར་བས་སྲ་བརྟན་དུ་ཕྱིན་པ་བཅས་ལས། དཔལ་འབྱོར་དར་རྒྱས་དང་། སྐྱེ་ཁམས་གནས་འཕྲོད་ཐུབ་པ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཡར་ཐོན་བཅས་ཀྱི་དེང་རབས་ཅན་གྱི་གྲོང་ཁྱེར་འདི་ཉིད་གངས་ལྗོངས་ས་མཐོར་དར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པ་རེད།
དཔལ་འབྱོར་གྱི་ནུས་རིམ་འཕར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགུལ་ནུས་ཆེ་རུ་ཕྱིན་པ།
དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ཆེན་པོར་སླེབས་པ།
དེ་ནི“ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ་ལྷ་སས་བཏོད་པའི་གྲུབ་འབྲས་ཡག་ཤོས་ཀྱི་གྲས་ཤིག་རེད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་2020ལོའི་སྒོར་དུང་ཕྱུར་678.16ནས་2024ལོའི་སྒོར་དུང་ཕྱུར་990.04བར་མང་དུ་ཕྱིན་པ་དང་ལོ་རེའི་ཆ་སྙོམས་འཕར་ཚད་9.9%ཟིན་པས། 2025ལོར་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དམིགས་ཚད་སྒོར་དུང་ཕྱུར་སྟོང་ལས་བརྒལ་རྒྱུ་རེད། དེ་དང་ཆབས་ཅིག སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། ལྷག་པར་དུ་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་གྲངས་འབོར་ལོ་རེར་ཆ་སྙོམས་42.09%འཕར་བ་དེ་ཐོག་ནས་ལྷ་སའི་ཕྱི་ཕྱོཌ་སྒོ་དབྱེའི་འཕེལ་ཤུགས་མངོན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་73.06%ཟིན་ནས་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ཆེས་ཆེར་མཐོ་བ་ཡོད།
འཕེལ་རྒྱས་ཀྱི་ཁྲག་རྒྱུན་ནི་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་དྲ་རྒྱ་དང་འབྲེལ་མཐུད་བྱས་ཤིང་། ལྷ་ཉིང་ལྕགས་ལམ་དང་། ལྷ་ནག་མྱུར་བགྲོད་གཞུང་ལམ། ལྷ་གཞིས་མྱུར་བགྲོད་གཞུང་ལམ་སོགས་ལས་གྲྭ་གལ་ཆེན་སྔ་རྗེས་སུ་སྤྱོད་འགོ་ཚུགས་ནས། བོད་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི“གྲོང་ཁྱེར་ལྔར་ཆུ་ཚོད་གསུམ་ནང་འབྱོར་བའི”དཔལ་འབྱོར་ཁུལ་མངོན་འགྱུར་ཐུབ་ཡོད། གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་T3གནམ་ཐང་འབབ་ཚུགས་ཀྱིས་མཁའ་ལམ་གོ་ལ་ཧྲིལ་པོར་སྦྲེལ་མཐུད་བྱེད་པར་འདེགས་སྐྱོར་བྱས་ཡོད། 5Gདྲ་རྒྱ་ཤང་གྲོང་ཚང་མར་ཁྱབ་པ་དང་། ལྷ་ས་འདི་ཉིད་གྲུབ་འབྲས་ཐོབ་པའི་ངང་རྒྱལ་ཁབ་ཀྱི“ཀྲའོ་ཝ་སྟོང་གཉིས”ཀྱི་དཔེ་སྟོན་གྲོང་ཁྱེར་ནང་ཚུད་པ་མ་ཟད། ཨེ་ཤེ་ཡ་ལྷོ་མར་ཁྱབ་འགྱེད་ཀྱི་གྲངས་གཞིའི་ལྟེ་གནས་ཀྱང་བསྐྲུན་ཡོད། ནུས་རྒྱུ་གཙང་མའི་གློག་དྲ་དང་ཆུ་བེད་སྒྲིག་བཀོད་དུས་མཚུངས་རིམ་སྤོར་བྱས་པ་དེས་ལྷ་སའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད།
དམངས་འཚོའི་བདེ་རྩ་ཟབ་ཏུ་ཕྱིན་ནས་ས་མཐོའི་གནས་འཕྲོད་གྲོང་ཁྱེར་ལ་བདེ་སྐྱིད་ཀྱིས་ཁེངས།
“ལོ་ལྟར་ནོར་ཤུགས་70%ཡན་དམངས་འཚོར་གཏོང་གི་ཡིན”ཞེས་པ་དེ་ནི་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མི་དམངས་ལ་ཁས་ལེན་གང་ལེགས་བྱས་པ་ཞིག་རེད། ཁས་ལེན་དེ་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་རེག་ཐུབ་པའི་ཐོབ་སྣང་དང་བདེ་སྐྱིད་ཚོར་སྣང་ཞིག་ཏུ་བསྒྱུར་ཡོད།
ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་5%ཡི་ནང་དུ་མུ་མཐུད་ཚོད་འཛིན་བྱས་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་བྱེད་ཚད་95%ཡན་ཟིན་པ། ལས་ཞུགས་མེད་པའི་ཁྱིམ་ཚང་ལས་ཞུགས་ཐུབ་པར་བྱས་པ། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་བརྟན་པོ་བྱུང་བ་སོགས་ལས། ཁྱིམ་ཚང་ཁྲི་སྟོང་གི་ལྟོ་གོས་འགན་ལེན་བརྟན་པོ་བྱས་ཡོད།
སློབ་གསོ་དང་སྨན་བཅོས་ནི་དམངས་འཚོའི་དགོས་མཁོ་ཡིན། ལྷ་སའི་དུས་མཚམས་ཁག་གི་སློབ་གསོའི་སློབ་ཞུགས་བྱེད་ཚད་དང་སྲ་བརྟན་དུ་གཏོང་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་། ལྷ་ས་དགེ་འོས་སློབ་གླིང་བཙུགས་པ་དེས་མཐོ་རིམ་དགེ་འོས་སློབ་གསོའི་སྟོང་ཆ་སྐོང་ཡོད། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་གྲངས་འབོར་དང་ལས་གཉེར་སྨན་པའི་མི་གྲངས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན་ཆེས་ཆེར་འཕར་བ་སྟེ། སྒྲིག་གཞི་ཁག་766དང་མི་4277སོ་སོར་སླེབས་ནས“བདེ་ཐང་ལྷ་སའི”སྲུང་བཅད་སྔར་བས་བརྟན་དུ་ཕྱིན་ཡོད།
གྲོང་གསེབ་ཏུ་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱས་པ་དེས་འབྲུ་རིགས་བདེ་འཇགས་འགན་ལེན་བྱས་པ་དང་ཞིང་འབྲོག་ཐོན་རྫས་ལས་སྣོན་དང་གཞན་སྒྱུར་བྱེད་ཚད་42%མཐོ་རུ་ཕྱིན་ཡོད། དེ་བས་གལ་ཆེ་བ་ཞིག་ནི་ལྷ་སར་གསར་བརྗེའི་རང་བཞིན་གྱི་སྒོ་ནས་ཞིང་འབྲོག་ཁུལ་གྱི་ལོ་ངོ་སྟོང་རིང་ལ་མི་ཕྱུགས་མཉམ་སྡོད་ཀྱི་ལོ་རྒྱུས་མཇུག་འགྲིལ་བས། གྲོང་གསེབ་ཀྱི་ཁྱིམ་ཚང་དུ་གསང་སྤྱོད་ཁྱབ་ཚད་88.4%ཟིན་པ་དང་། རྒྱལ་ཁབ་རིམ་པའི་གྲོང་ཚོ་10དང་རང་སྐྱོང་ལྗོངས་རིམ་པའི་མཛེས་སྡུག་ལྡན་པའི་གནས་འཕྲོད་གྲོང་ཚོ་100བསྐྲུན་པས་གྲོང་གསེབ་ཀྱི་རྣམ་པ་ཕྱི་ནང་གཉིས་ཀར་འགྱུར་ལྡོག་ཕྱིན་ཡོད།
རིག་གནས་ཀྱི་མོས་སེམས་གཅིག་ཏུ་བསྒྲིལ་ནས་མཐུན་སྒྲིལ་དང་བརྟན་ལྷིང་སྲ་བརྟན་དུ་བཏང་བ།
རིག་གནས་ནི་གྲོང་ཁྱེར་གྱི་བླ་སྲོག་ཡིན་པ་དང་བརྟན་ལྷིང་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན། ལྷ་སས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་གང་སར་བཞད་པ་དང་། སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་འཆམ་མཐུན་གྱི་ཁོར་ཡུག་ཁྲོད་མུ་མཐུད་སྲ་བརྟན་དུ་གཏོང་བཞིན་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་རྒྱ་སྤྱིར་ན་བསྐྲུན་པ་དང་། གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ཕྱོགས་ཡོངས་ནས་ཚད་ལྡན་ཅན་དུ་གྱུར་པ། གྲོང་ཚོ་ཚང་མར་རིག་རྩལ་འཁྲབ་སྟོན་རུ་ཁག་བཙུགས་ཡོད། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་སྟོན་དང་། གསོན་ཤུགས་ཀྱིས་ཁེངས་པའི་ལྷ་སའི་གྲོང་ཕྱེད་སྐོར་བའི་མར་སུན་འགྲན་རྒྱུག ལྷ་ས་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེན་པོ་སོགས་སྤུས་རྟགས་དུས་ཆེན་འགྲན་བསྡུར་གྱིས་གྲོང་མིའི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ལྷ་ས་སྒོ་དབྱེ་དང་། གདེང་ཚོད། དེང་རབས་བཅས་ཀྱི་གྲོང་ཁྱེར་གྱི་ཉམས་འགྱུར་མངོན་ཡོད།
ལྷ་སས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་ཡག་པོ་སེལ་བའི་འཐབ་ཇུས་ལ་སྐུལ་འདེད་བཏང་བ་བརྒྱུད། འགལ་བ་དང་རྩོད་གཞི་98%གཞི་རིམ་དུ་ཐག་གཅོད་འོས་འཚམ་བྱུང་བ་དང་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་ལོ་བདུན་བསྟུད་མར་99%ཡན་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པས་འཕེལ་རྒྱས་དང་ཡར་ཐོན་ལ་ཁོར་ཡུག་ཡག་ཤོས་བསྐྲུན་ཡོད།
ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་རིམ་རྩིས་བརྒྱབ་ན། ཤིང་འཛུགས་མུའུ་ཁྲི་90བྱས་པ་དང་གྲོང་ཁུལ་དུ་སྔོ་ལྗང་ཁྱབ་ཚད་43.66%ཟིན་པ། “ཆུ་བཟང་གྲོང་ཁྱེར”དང“སྔོ་ཁེབས་གྲོང་ཁྱེར”དེ་བསམ་འདུན་ནས་དོན་དངོས་སུ་གྱུར་ཡོད། རྒྱལ་ཡོངས་ཀྱི་ས་མཐོའི་གད་སྙིགས་མེར་སྲེག་གློག་འདོན་བཟོ་གྲྭ་དང་པོ་དང་། 100%ཡི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར། ལོ་མང་སྔོན་ཐོན་གྱི་མཁའ་རླུང་སྤུས་ཚད་ལེགས་ཚད་བཅས་ལས། ལྗང་མདོག་དེ་ལྷ་སའི་ཆེས་མངོན་གསལ་གྱི་རང་མདངས་དང་ཆེས་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།