སེམས་ནུས་ཡོད་རྒུས་དོན་དངོས་བསྒྲུབས། ཟོལ་མེད་བརྩེ་བས་མི་སེམས་དྲོས།
—— མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གས་ཆུང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་གཏམ་རྒྱུད།
ཡངས་ཤིང་རྒྱ་ཆེ་བའི་བྱང་ཐང་ས་མཐོའི་དབུས་ཁུལ་དུ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་འདོད་པའི་གྲོང་སྡོད་ལས་བྱེད་པའི་རུ་ཁག་འདི་ལྟ་བུ་ཞིག་ཡོད་ཅིང་། ཁོང་ཚོས་དར་རྒྱས་ཆེ་བའི་གྲོང་ཁྱེར་དང་བྲལ་ནས་ཐག་རིང་འབྲོག་ཁུལ་དུ་རྩ་བ་ཚུགས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་མདུན་གྲལ་དུ་རྔུལ་ཆུ་འདོན་བཞིན་ཡོད། ཁོང་ཚོས་འདམ་རྫབ་ཀྱི་ལམ་དུ་བཞུད་ནས་འབྲོག་པ་ཚོ་དཀའ་གནད་ལ་སྒྲོལ་རོགས་བྱེད་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ས་དང་པོར་སེམས་ནུས་ཡོད་རྒུས་འཕེལ་རྒྱས་གཏོང་ཆེད་འགྲོ་ལམ་འཚོལ་ཞིབ་བྱེད་པ་མ་ཟད། ལྷག་བསམ་ལ་བརྟེན་ནས་བརྩེ་བ་ངོ་མ་ཐོབ་ཐབས་བྱས་པས་ཡུལ་མི་ཚོའི“སྙིང་ཉེ་བར”གྱུར་ཡོད།
ད་ལོའི་ཟླ་བ་5པར། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྲིད་གྲོས་དང་རྫོང་ཨུད་སྐོར་ཞིབ་གཞུང་དོན་ཁང་གི་གྲོང་སྡོད་ལས་དོན་རུ་མིས་ནང་མིའི་སེམས་ཁུར་དང་གཉེན་གྲོགས་ཚོའི་སྨོན་འདུན་བཟང་པོ་བསྣམས་ནས་གྲོང་སྡོད་རོགས་སྐྱོར་ལས་དོན་གྱི་ལམ་ལ་བཞུད་པས། སྒེར་རྩེ་རྫོང་གི་ཁག་བཅུ་བཞི་པའི་གྲོང་སྡོད་ལས་དོན་རུ་ཁག་གི་ཁོངས་མི་ཞིག་ཏུ་གྱུར་ནས་འོ་མ་ཤང་གས་ཆུང་གྲོང་ཚོར་ཡོང་། གྲོང་ཚོར་བཅའ་སྡོད་བྱེད་འགོ་ཚུགས་སྐབས་ཁོང་ཚོར་ལས་དོན་ཐད་སེམས་ཁྲལ་ཡོད་ལ། གྲོང་སྡོད་ལས་དོན་ནང་ཞུགས་སེམས་ཀྱང་ཧ་ཅང་ཆེན་པོ་ཡོད། ཡུད་ཙམ་ཞིག་ལ་ལོ་ཕྱེད་འདས། འདས་པའི་ལམ་ལ་ཕྱི་མིག་བལྟས་ཚེ། ཁོང་ཚོས་དཀའ་ངལ་གདོང་དུ་བསུས་ནས་འབད་འཐབ་བྱས་པས་དགའ་སྤྲོའི་སྣང་བ་ཞིག་ངང་གིས་ཚོར།
བྱ་བ་དངོས་ཡག་པོ་བསྒྲུབས་པས་མང་ཚོགས་དགའ་བས་མྱོས།
ཐེངས་ཤིག་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ལྷག་པ་བུ་ཁྲིད་འཆམ་འཆམ་བྱེད་སྐབས་གས་ཆུང་གྲོང་ཚོའི་ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི་བྱང་ཤར་ཟུར་གྱི་ཁྲོན་པའི་སྒོ་དམ་པོར་བརྒྱབ་ཡོད་པ་ཤེས། ཁྲོན་པ་ཡག་པོ་དེ་འདྲ་སྒོ་བརྒྱབ་ནས་བེད་སྤྱོད་མི་བྱེད་པའི་རྒྱུ་མཚན་གང་ཡིན་ནམ་སྙམ་ནས་ཐེ་ཚོམ་སྐྱེས། དེ་ལྟར་བསམས་ཤིང་འགྲོ་གྱིན་དུ་སླར་ཡང་ཁྲོན་པ་གཞན་ཞིག་མཐོང་། ནང་དུ་འཛུལ་ནས་བལྟས་རྗེས། སྒྲིག་ཆས་ཆ་ཚང་ཡོད་ཀྱང་ཆུ་སྒོ་ནས་ཆུ་དོན་གྱི་མེད་པ་ཤེས།
དེས་ཁོང་དགའ་ཚོར་དང་ཐེ་ཚོམ་ཡང་ཅིག་ཅར་དུ་སྐྱེས། དགའ་ཚོར་བྱུང་དོན་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོམ་སྟབས་མང་ཚོགས་ཀྱི་དགོས་མཁོ་དང་མཐུན་པ་དང་། ཐེ་ཚོམ་སྐྱེས་དགོས་དོན་ནི་སྒྲིག་བཀོད་དང་སྒྲིག་ཆས་ཡག་པོ་འདི་འདྲ་ཞིག་ཡོད་ཀྱང་ནུས་པ་ཡག་པོ་ཐོན་མེད་པ་དེ་རེད།
ཉིན་གཉིས་པར། ལྷག་པ་བུ་ཁྲིད་དང་རུ་མི་ཚོ་གྲོང་ཚོའི་ལས་བྱེད་པར་འཚམས་འདྲི་བྱེད་པར་བསྐྱོད་དེ་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱས་པ་དང་རྫོང་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་རྒྱུ་རྐྱེན་འཚོལ་ཞིབ་བྱས་ཏེ། སྒྲིག་བཀོད་དང་སྒྲིག་ཆས་འཁོར་སྐྱོད་བྱས་ནས་མཐའ་འཁོར་གྱི་ཡུལ་མིར་ཞབས་འདེགས་ཞུ་རྒྱུའི་རེ་བ་བཏོན།
ཟླ་བ་6པའི་ཟླ་འགོར། སྒེར་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་པ་གཙོ་བོ་གས་ཆུང་གྲོང་ཚོར་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད། དེའི་རིང་གྲོང་སྡོད་ལས་དོན་རུ་ཁག་གིས་རྣམ་གྲངས་ཀྱི་འབྲེལ་ཡོད་གནས་ཚུལ་རང་འགུལ་ངང་གོང་ཞུ་བྱས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རོགས་རམ་ཐོབ་ཐབས་བྱས་པ་རེད། མང་ཚོགས་ལ་ཆུ་གཙང་མ་ཞིག་གང་མགྱོགས་འཐུང་རྒྱུ་ཡོང་བ་བྱ་ཆེད། ཁོང་ཚོས་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ནས་ཁྲོན་པ་དང་སྒྲིག་ཆས་སྲུང་སྐྱོང་དང་ཉམས་གསོ་བྱེད་པའི་ལས་འགན་དེར་དམ་འཛིན་ཏན་ཏིག་བྱས་པ་རེད།
སེམས་ཁྲལ་དང་དཀའ་ངལ་བསལ་བས་མང་ཚོགས་བློ་བདེ་བག་ཕེབས་བྱུང་།
གས་ཆུང་གྲོང་ཚོའི་ཆུ་གཙང་འགྱུར་གྱི་ལེ་ལག་ཚང་བའི་རྣམ་གྲངས་ལ་དོ་དམ་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་སེམས་གཏིང་གི་དཀའ་གནད་ཅིག་ལ་བརྩིས་ནས་དམ་འཛིན་བྱས་ཤིང་། གྲོང་ཚོའི་ལས་བྱེད་པས་ལྷག་པ་བུ་ཁྲིད་ལ་བཤད་པ་ལྟར་ན། 2024ལོའི་དབྱར་དུས་སུ་ཆུ་གཙང་འགྱུར་གྱི་ལེ་ལག་ཚང་བའི་རྣམ་གྲངས་བེད་སྤྱོད་བཏང་སྟེ་གས་ཆུང་གྲོང་ཚོའི་མི་ཕྱུགས་ཀྱི་འཐུང་ཆུའི་དཀའ་གནད་བསལ་བ་མ་ཟད། གས་ཆུང་གྲོང་ཚོའི་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་བར་རྨང་གཞི་ཡང་བཏིང་ཡོད། འོན་ཀྱང་དགུན་དུས་དྲོད་ཚད་གློ་བུར་ཆག་པ་དང་ཆུ་གཙང་འགྱུར་གྱི་སྒྲིག་ཆས་ལ་འཁྱགས་པ་ཐེབས་ནས་རྒྱུན་གཏན་ལྟར་བེད་སྤྱོད་བྱེད་ཐབས་བྲལ་བ་དང་། མི་སེར་ཚོས་ཀྱང་སྒྲིག་ཆས་ལ་བལྟས་ནས་སྡོད་རྒྱུ་ལས་ཐབས་གཞན་མེད།
སྒྲིག་ཆས་བདེ་འཇགས་ངང་འཁོར་སྐྱོད་ཇི་ལྟར་བྱས་ནས་དགུན་སྒྲོལ་ཐུབ་པ་དང་། རྣམ་གྲངས་ཀྱི་ཕན་ནུས་འདོན་སྤེལ་དང་མང་ཚོགས་ལ་ཞབས་ཞུ་འགན་ལེན་བྱེད་རྒྱུ་ནི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོའི་ཁ་ཚ་དགོས་གཏུག་གི་དཀའ་གནད་ཅིག་རེད།
མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད། ལྷག་པ་བུ་ཁྲིད་ཀྱིས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཉམ་དུ་རྣམ་གྲངས་ལག་བསྟར་བྱ་ཡུལ་དུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་པོ་ནས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་ནས་ལག་ལེན་དུ་འཁྱོལ་ཐུབ་པའི་བྱེད་ཐབས་འདོན་དགོས་ཞེས་བཏོན།
བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་པའི་རྨང་གཞིའི་ཐོག ཁོང་ཚོས་ཚ་དྲོད་བརྒྱུད་འདྲེན་གྱི་བྱ་ཐབས་ལ་བརྟེན་ནས་སྒྲིག་ཆས་གཙོ་བོར་དྲོད་སྲུང་བྱེད་ཐབས་སྤྱོད་པའི་བྱ་ཐབས་བཏོན་ནས་སྒྲིག་ཆས་རྒྱུན་གཏན་ལྟར་འཁོར་སྐྱོད་བྱེད་པར་ཚད་གཞི་མཐོ་ཤོས་ཀྱིས་སྲུང་སྐྱོང་བྱས་པ་རེད།
ཐབས་ཤེས་ཡོད་ཀྱང་མ་དངུལ་གང་ནས་གཏོང་ངམ། འདི་ཡང་གནད་དོན་ཞིག་རེད། དེར་བརྟེན་ཁོང་ཚོས་ཐབས་ལམ་མང་པོ་ནས་སྒེར་རྩེ་རྫོང་གི་འབྲེལ་ཡོད་སྡེ་ཚན་ལ་གནས་ཚུལ་སྙན་སེང་ཞུས་ནས་དཀའ་གནད་བཤད་དེ་རྣམ་གྲངས་ཀྱི་མ་དངུལ་རྒྱབ་སྐྱོར་བརྩོན་ལེན་བྱས་པ་རེད། མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་ལྟར་མཐར་རྣམ་གྲངས་ཀྱི་མ་དངུལ་དོན་འཁྱོལ་བྱུང་ནས་ཚ་དྲོད་བརྒྱུད་འདྲེན་གྱི་རྣམ་གྲངས་ཀྱང་བདེ་བླག་ངང་ལག་བསྟར་བྱས་ཤིང་། དགུན་ཁ་དེར་གས་ཆུང་གྲོང་ཚོའི་མང་ཚོགས་ལ་བློ་བདེ་པོས་ཆུ་གཙང་མ་སྤྱོད་རྒྱུ་བྱུང་ཡོད།
མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པས་མང་ཚོགས་ཀྱི་སེམས་པ་དྲོ་སོབ་སོབ་ཏུ་གྱུར།
གྲོང་ཚོར་བཅའ་སྡོད་བྱེད་སའི་ཤར་སྒོའི་མདུན་དུ་ས་སྟོང་ཞིག་ཡོད་ཅིང་། ས་སྟོང་དེར་བལྟས་པ་ན་རུ་མི་ཚོས་སྔོ་ཐིང་ཐིང་གི་ཚལ་ཞིང་ཞིག་མཐོང་བ་དང་གཉིས་སུ་མ་མཆིས། ཁོང་ཚོས་ས་སྟོང་དེ་སྤྱད་ནས་ཚང་མར་སྔོ་ཚལ་གྱི་འབབ་འཕར་བཏོད་རྒྱུའི་བསམ་བློ་འཁོར།
“རྨོ་འདེབས་ཇི་ཙམ་བྱས་ན། ཡོང་འབབ་དེ་ཙམ་ཡོང་ཐུབ”ཟླ་བ་གསུམ་སོང་རྗེས་གྲོང་སྡོད་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དབར་མཐུན་སྒྲིལ་མཉམ་ལས་དང་དཀའ་སྤྱད་རྨོ་འདེབས་བྱས་པའི་ས་ཆ་དེ་ལས་ཞོག་ཁོག་ལ་ཐོན་འབབ་ཡག་པོ་བྱུང་ཡོད། ཞིང་ནང་གི་རྣང་མ་ཆེ་ཆུང་མི་འདྲ་བ་ནས་རྡོག་པོ་ཆེ་ཆུང་མི་འདྲ་བའི་ཞོག་ཁོག་སྔོག་སྐབས། ལོ་ལེགས་ཀྱི་དགའ་སྤྲོ་ཁོང་ཚོའི་གདོང་ནས་མངོན།
ཞོག་ཁོག་རྡོག་པོ་རེ་རེ་ནས་ཐུན་མོང་གི་རེ་བ་དང་འབད་བརྩོན་བྱེད་ལུགས་མངོན་ཞིང་། ཡུལ་མི་ཚོར་མྱངས་རྒྱུ་དང་མཐོང་རྒྱུ་བྱུང་བ་ནི་ཞོག་ཁོག་གི་བྲོ་བ་ཙམ་མ་ཡིན་པར། མཐུན་སྒྲིལ་མཉམ་ལས་ཀྱི་སྟོབས་ཤུགས་ཤིག་དེ་བས་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།