ཁྲོན་བོད་ལམ་རྒྱུད་དུ་གློག་གསོག་རྒྱུ་དེ་བས་སྟབས་བདེ་རུ་ཕྱིན་པ།
བོད་ལྗོངས་དིང་རིའི་ཇོ་མོ་གླང་མའི་འདབས་སུ་སི་ཁྲོན་ནས་ཡོང་བའི་ཡུལ་སྐོར་བ་ཁྲེན་པོས་རླངས་འཁོར་ཁ་བཀག་སྟེ་བྱང་ཆུབ་པའི་སྒོ་ནས་གློག་སྡོང་དང་འབྲེལ་མཐུད་བྱས་ཤིང་། དེ་རྗེས་ཁོང་གིས་ལམ་གྲོགས་ཚོ་དང་མཉམ་དུ་ལྷོད་ཤིག་ཤིག་ངང་གུང་ཟས་བཟས་ནས་བསྡད།
ཁོང་ཚོ་ལྟོ་བཟས་ནས་ཆུ་ཚོད་གཅིག་ཀྱང་མ་འགོར་བར་ལོག་ཡོང་སྐབས་རླངས་འཁོར་གྱི་གློག་ཏག་ཏག་ཁེངས་ཡོད་པས། ཁོང་ཚོ་ས་ཚིགས་རྗེས་མར་མདུན་སྐྱོད་བྱེད་འགོ་ཚུགས།
ཁྲེན་པོ་ད་ཐེངས་བསྐྱོད་སའི་རྒྱལ་ལམ་318དེ་སི་ཁྲོན་ཁྲེང་ཏུའུ་ནས་བོད་ལྗོངས་ལྷ་ས་བར་མཐུད་ཡོད་པ་དང་ལམ་ཐག་སྤྱི་ལེ་2000ལྷག་ཙམ་ཟིན་གྱི་ཡོད། གཞུང་ལམ་འདིར་ཉེན་ཁ་ཆེ་ཞིང་བརྗིད་ཉམས་ལྡན་པས“ཆེས་མཛེས་སྡུག་ལྡན་པའི་རང་འཁོར་ལམ་བུ”ཞེས་བརྗོད་ཀྱི་ཡོད།
དེ་སྔ་ལམ་དེ་ནི་གཙོ་བོ་སྲོལ་རྒྱུན་གྱི་སྣུམ་སྣོན་རླངས་འཁོར་སྐྱོད་སའི་གཞུང་ལམ་ཡིན་པ་དང་། ད་ཆ་རྒྱལ་ཐོན་ནུས་རྒྱུ་གསར་པའི་རླངས་འཁོར་དེ་བས་མང་བ་དེ་གར་ཕར་འགྲོ་ཚུར་འོང་བྱེད་པ་དེ་ས་མཐོའི་ཡུལ་ལྗོངས་གསར་པ་ཞིག་ཏུ་གྱུར་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ནུས་རྒྱུ་གསར་པའི་རླངས་འཁོར་འཕེལ་རྒྱས་གཏོང་རྒྱུ་ནི་རང་རྒྱལ་འདི་ཉིད་རླངས་འཁོར་རྒྱལ་ཁབ་ཆེན་པོ་ནས་རླངས་འཁོར་རྒྱལ་ཁབ་སྟོབས་ཆེན་ཕྱོགས་སུ་བསྐྱོད་པའི་ལམ་བུ་ཉག་ཅིག་རེད”
ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་རླངས་འཁོར་ཐོན་ལས་གསར་གཏོད་གོམ་སྟབས་མུ་མཐུད་མགྱོགས་སུ་ཕྱིན་པ་དང་ནུས་གསར་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་གཞི་ཁྱོན་དང་། ལྟེ་བའི་ལག་རྩལ། ཐོན་ལས་འཁོར་འབྲེལ་སྐྱེ་ཁམས་སོགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད།
གྲངས་འཛིན་ནི་ཆེས་ནུས་ལྡན་གྱི་ར་སྤྲོད་ཡིན། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་རང་རྒྱལ་གྱི་ནུས་གསར་རླངས་འཁོར་ཐོན་ལས་ཐད་འཕར་ཚད་མགྱོགས་པའི་རྣམ་པ་མངོན་ཡོད། 2021ལོར་ཕྱིར་འཚོང་བྱེད་ཚད་ཁྲི་352.1ཟིན་པ་དང་དེ་རྗེས་ལོ་རེར་ཆ་སྙོམས་50%ཡན་རྒྱུན་ཆད་མེད་པར་འཕར་བ་དང་། 2024ལོར་རླངས་འཁོར་ཁྲི་1200ལས་བརྒལ་ནས་འཛམ་གླིང་གི་ཨང་དང་པོར་བརྟན་པོར་གནས་ཡོད།
“བོད་དུ་ནུས་གསར་རླངས་འཁོར་བཏང་ནས་ཡོང་ན་སྣང་དག་མི་འདུག”ཁྲེན་པོ་ཡིས་བཏང་བའི་རླངས་འཁོར་ནི་རྒྱལ་ཐོན་ནུས་གསར་རླངས་འཁོར་ཞིག་རེད། ཁོང་ལ་གདེང་ཚོད་དེ་འདྲ་ཡོང་དོན་ནི་ལམ་བར་དུ་རིམ་འདས་གློག་གསོག་དྲ་རྒྱ་མང་པོ་ཡོད་པས་རེད།
ཁྲེན་པོ་ཡིས“ལོ་མང་གོང་བོད་དུ་ཡོང་སྐབས་ལམ་བར་དུ་མང་ཆེ་བ་སྣུམ་སྣོན་བྱེས་བགྲོད་རླངས་འཁོར་རེད་འདུག ད་ལོ་སླར་ཡང་རྒྱལ་ལམ་318ནས་ཡོང་སྐབས་རྒྱལ་ཐོན་ནུས་གསར་རླངས་འཁོར་དང་གློག་སྡོང་མང་པོ་མཐོང་རྒྱུ་འདུག”ཅེས་བཤད།
བོད་ལྗོངས་ཁེ་ཝང་ནུས་གསར་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀྲང་ཝུན་ཞང་ནི་གཞུང་ལམ་དེའི་གློག་གསོག་སྒྲིག་བཀོད་འཕེལ་རྒྱས་གཏོང་མཁན་དང་བདེན་དཔང་བ་ཞིག་རེད། “ལོ་ལྔའི་གོང་གཞུང་ལམ་རྒྱུད་དུ་གཙོ་བོ་གློག་སྡོང་དཀྱུས་མ་ཡིན་པ་དང་། ཤུགས་ཚད་སྤྱིར་ན་ཆན་ཝ་7དང་ཡང་ན་ཆན་ཝ་60ལས་མེད་པས་རླངས་འཁོར་གྱི་གློག་གསོག་སྐབས་མཚན་གཅིག་འགོར་གྱི་ཡོད། སྐབས་དེ་དུས་སྤྱི་ལེ་300བསྐྱོད་ན་ཞག་གཅིག་ངལ་གསོ་རྒྱག་དགོས། ཁྲེང་ཏུའུ་ནས་ལྷ་ས་བར་ཉིན་བདུན་བརྒྱད་འགོར་གྱི་ཡོད”ཅེས་བཤད།
ཀྲང་ཝུན་ཞང་གིས“ད་ཆ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་སྟེ་གློག་གསོག་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། མགྱོགས་ན་ཁོ་ཧྥེ་ཕོར་པ་གཅིག་བཏུང་ཞོར་དང་རིང་ན་ལྟོ་དུས་གཅིག་ཟ་བའི་དུས་ཚོད་ནང་འགྲུལ་བཞུད་རྗེས་མར་བསྐྱོད་ཐུབ། གསར་དུ་བསྐྲུན་པའི་ས་ཚིགས་སུ་ཆན་ཝ་600ཡི་ཚད་བརྒལ་མགྱོགས་མྱུར་གློག་གསོག་ལག་རྩལ་སྤྱད་ཡོད་པས་གློག་གསོག་སྒུག་པའི་དུས་ཚོད་སྔར་བས་ཐུང་དུ་འགྲོ་རྒྱུ་རེད”ཅེས་ངོ་སྤྲོད་བྱས།
(《མི་དམངས་ཉིན་རེའི་ཚགས་པར》གྱི་2025ལོའི་ཟླ་10ཚེས་23ཉིན་གྱི་པར་ངོས་དང་པོ་ནས་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།