བོད་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཚ་རླབས་འཕྱུར་བ།
སློབ་སྦྱོང་གི་གྲུབ་འབྲས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་དང་གསོན་ཉམས་དོད་པའི་ལག་ལེན་དུ་འགྱུར་བར་བྱེད།
ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་མྱུར་འཕྱུར་ཞིང་། ཚང་མས། བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་སེམས་ཤུགས་དང་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་དང་གསོན་ཉམས་དོད་པའི་ལག་ལེན་དུ་འགྱུར་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཤིང་། ཚོགས་འདུར་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་བ། སློབ་སྦྱོང་དང་གོ་བ་ལོན་པ་དང་། རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ། དགོངས་པའི་གསལ་འགྲེལ་སོགས་ཀྱི་ལས་དོན་ཁག་ཏན་ཏིག་དང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། སྤྱི་ཚོགས་ཚན་རིག་གི་རིགས་པའི་གཞུང་ལུགས་ལས་དོན་པའི་དུས་རབས་ཀྱི་ལས་འགན་དང་ལོ་རྒྱུས་ཀྱི་འགན་འཁྲི་གང་ལེགས་མངོན་པར་བྱེད་དགོས་ཞེས་བརྗོད། ཚོགས་ཞུགས་མི་སྣས། སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་ལས་འགན་ཨང་དང་པོ་ནི་སློབ་སྦྱོང་དང་། དྲིལ་བསྒྲགས། གསལ་འགྲེལ་བཅས་ལ་དམ་འཛིན་ཡག་པོ་བྱས་ཏེ། གནད་ལ་འཁེལ་བ་དང་། གོ་བདེ་བ། གསོན་ཉམས་དོད་པ་བཅས་ཀྱི་གསལ་འགྲེལ་བརྒྱུད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་དང་། འགན་འཁྲི་གཙོ་བོ་ནི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ཟབ་ཏུ་གཏོང་བ་དང་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ལ་དམིགས་ཏེ། རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། གྲབས་གསོག་རང་བཞིན་བཅས་ཀྱི་ཞིབ་འཇུག་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ལ་ཚན་རིག་གི་རྩ་བའི་རིགས་པའི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་པ་དེ་ཡིན་པ། རྩ་བའི་དམིགས་ཡུལ་ནི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་རླབས་པོ་ཆེར་གཞི་ཚུགས་ནས། ཀྲུང་གོའི་རང་བདག་གི་ཤེས་བྱའི་མ་ལག་འཛུགས་སྐྱོང་མྱུར་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དེ་ཡིན་པའི་ངོས་འཛིན་བྱས་པ་རེད།
ལྷ་ས་འགག་སྒོ་ལས་ཁུངས་ཏང་ཨུད་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ཇི་མ་ཇི་བཞིན་ངང་ཟབ་སྦྱོང་མཐིལ་རྟོགས་དང་། རྣམ་པ་གསར་གཏོད་ཀྱིས་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་མཐའ་གསལ་མཐིལ་རྟོགས་བཅས་མཐའ་འཁྱོངས་ཀྱིས་ལག་བསྟར་དོན་འཁྱོལ་གྱི་བྱེད་ཐབས་ཞིབ་ཕྲར་ཞིབ་འཇུག་དང་བཀོད་སྒྲིག་གཏིང་ཟབ་བྱས་པ་རེད། འགག་སྒོའི་ཁུལ་གྱི་ཚན་པའི་སྡེ་ཚན་ཁག་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཞིང་། ཏང་ཨུད་ཀྱི་ཚོགས་འདུ་དང“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པ་ཡོངས་སྒྲིག་འཛུགས་ཀྱིས་ཆེད་དོན་གྲོས་བསྡུར་བྱས་ཏེ་ངོས་འཛིན་དང་། མྱོང་ཚོར། འགན་སེམས། བྱ་སྤྱོད་བཅས་གླེང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་དོན་སྙིང་གཙོ་བོ་དང་ལག་ལེན་གྱི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་པ་རེད།
ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་ཆེད་དོན་སྒྲོག་འགྲེལ་དང་འདྲི་རྟོག་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད། ཆུ་གསུམ་རྫོང་གཞུང་ལམ་བདག་སྐྱོང་དུམ་བུའི་བཟོ་ཁུལ་དང་ཚུལ་ཁྲིམས་གཟིམ་སྤོས་བཟོ་གྲྭའི་བུད་མེད་ལས་བཟོ་བའི་འཐུས་མི་32མཉམ་དུ་འཛོམས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཉམ་དུ་སློབ་སྦྱོང་དང་འགན་འཁྲི་འཁུར་སེམས་སྐོར་མཉམ་དུ་གླེང་མོལ་བྱས་པ་རེད། བྱེད་སྒོ་སྤེལ་རིང་། ཆུ་གསུམ་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའི་ལས་དོན་པས་མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཆ་དང་གསོན་ཉམས་དོད་པའི་དཔེ་མཚོན་དྲངས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གཙོ་བོ་དང་ལག་ལེན་གྱི་བླང་བྱར་དམིགས་ཏེ་སྒྲོག་འགྲེལ་བྱས་པ་དང་། བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་དང་ངལ་རྩོལ་པའི་ཁེ་དབང་འགན་སྲུང་སོགས་ཐད་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་འབྲེལ་ཡོད་བཀོད་སྒྲིག་གཙོ་གནད་ཐོག་གསལ་འགྲེལ་བརྒྱབ་སྟེ་བུད་མེད་ལས་བཟོ་བས་སྤྱིར་བཏང་གི་ལས་གནས་ཐོག“རང་བཀུར་དང་། རང་ལ་ཡིད་ཆེས། རང་རྐྱ་འཕེར་བ། རང་སྟོབས་འཕེལ་བ”བཅས་བུད་མེད་ཀྱི་སྙིང་སྟོབས་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་བྱས་པ་རེད།
ཉིང་ཁྲི་གྲོང་ཁྱེར་ཡིག་འབུལ་ཞུ་བཅར་ཅུས་ཀྱིས་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། སླད་ཕྱིན་དུས་སྐབས་ཤིག་རིང་གི་འབད་འཐབ་དམིགས་ཚད་དང་འབད་བརྩོན་གྱི་ཁ་ཕྱོགས་ཁ་གསལ་བཟོས་པ་དང་། ཡིག་འབུལ་ཞུ་བཅར་ལས་བྱེད་པ་ཡོངས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་གཙོ་འགན་གཙོ་ལས་ལ་དམིགས་ནས། རྣམ་དག་བློས་འཁེལ་དང་ལས་སྒོ་བྱང་ཆུབ་པའི་ཡིག་འབུལ་ཞུ་བཅར་ལས་བྱེད་པའི་དཔུང་ཁག་ཅིག་ཞུན་བརྡར་སྤྲོས་པ་དང་། འགལ་ཟླ་དང་རྩོད་གཞི་ཐག་གཅོད་དང་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་སྐབས་གྲུབ་འབྲས་གསར་པ་མངོན་པར་བྱས་ཏེ་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་དང་ཚོང་ཚོགས(མཐུན་ཚོགས)ལས་རིགས་ཨུ་ཡོན་ལྷན་ཁང་གིས་དམངས་གཉེར་ཁེ་ལས་སྒྲིག་འཛུགས་བྱས་ནས་ཚོགས་འདུ་འཚོགས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས་པ་རེད། ཚོགས་ཞུགས་མི་སྣས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དེ་རང་ངོས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཏང་གི་འགོ་ཁྲིད་ཁེ་ལས་བཅོས་སྐྱོང་གི་ལྷུ་ཚིགས་ཁག་དང་མཉམ་འདྲེས་ཐུབ་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་གཏོང་བ། ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་དང་ཁྲོམ་རའི་འགྲན་རྩོད་ནུས་པ་གཉིས་ཀ་གལ་ཆེ་མཉམ་འཛིན་དང་གཉིས་ཀར་ཤུགས་སྣོན་མཐའ་གཅིག་ཏུ་རྒྱག་པ་དང་། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འདུན་པ་དང་། བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར། ཁྲིམས་ལྟར་གཉེར་སྐྱོང་མཁས་པ། སྔོན་ལ་ཕྱུག་པོ་ཆགས་ན་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། “ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་དང“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དང་སྦྲེལ་བའི”མཐའ་མཚམས་རོགས་སྐྱོར་བྱ་སྤྱོད་ནང་ཧུར་ཐག་ཞུགས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་བསྟར་བའི་ཁྲོད་རིན་ཐང་མངོན་འགྱུར་དང་། གཞིས་རྩེ་གྲོང་ཁྱེར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་རྩོམ་ཆེད་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།