དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འཕེལ་རྒྱས་བཟང་བའི་ཀན་ལྷོའི་བོད་ལུགས་གསོ་རིག

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-11-11

    ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། དགུན་ཁ་ཤར་བ་དང་སྦྲགས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་གནམ་གཤིས་གྲང་དུ་ཕྱིན་ཡང་། ཀླུ་ཆུ་རྫོང་སྨན་རྩིས་ཁང་དུ་སྐྱོད་སྐབས་དྲོ་སོབ་སོབ་ཀྱི་ཁང་པའི་གང་སར་སྨན་རྩྭའི་དྲི་ཞིམ་འཐུལ་ཞིང་། སྨན་པ་དཀའ་བཅུ་པ་མཁའ་འགྲོ་རྒྱལ་གྱིས་ནད་པར་རྩ་བརྟག་བཞིན་འདུག

    མཁའ་འགྲོ་རྒྱལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་བོད་ལུགས་གསོ་རིག(ཀན་ལྷོའི་བོད་ལུགས་གསོ་རིག)གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་ཡིན་པ་དང་། ཁོང་གིས་ཆུང་དུས་ཨ་ཞང་གི་འགྲམ་ནས་བོད་ལུགས་གསོ་རིག་སྦྱངས་པ་མཛད། ཁོང་གི་ངོས་ནས་བརྗོད་ན་བོད་ལུགས་གསོ་རིག་ནི་ས་མཐོའི་ལོ་ངོ་སྟོང་ཕྲག་རིང་གི་ནད་བཅོས་སྲོག་སྐྱོབ་ཀྱི་སྨན་བཅོས་ལག་རྩལ་ཞིག་ཡིན་པ་མ་ཟད། རིག་གནས་རྒྱུན་འཛིན་ཞིག་དེ་བས་ཀྱང་རེད།

    “ས་མཐོའི་ནད་རིགས་ལ་ས་མཐོའི་སྨན་གྱིས་བཅོས་ཚེ་ཕན་འབྲས་གཞན་དང་མི་འདྲ་བ་ཐོན་གྱི་འདུག” མཁའ་འགྲོ་རྒྱལ་གྱིས་ས་བབ་མཐོ་བའི་ས་ཁུལ་དུ་ཀླད་སྙིང་ཁྲག་རྩའི་ནད་དང་། གྲུམ་ནད། པགས་ནད་སོགས་ཀྱི་ནད་པ་མང་པོ་འདུག ནད་པ་དེ་དག་ལ《དཔལ་ལྡན་རྒྱུད་བཞི》གཙོ་བོར་བྱས་པའི་བོད་སྨན་སྤྱད་ནས་སྨན་བཅོས་བྱས་ཚེ་སྨན་ནུས་ཆེན་པོ་ཐོན་གྱི་འདུག་ཅེས་བཤད།

    དུས་རབས་ཀྱི་འཕེལ་རྒྱས་ལས་བོད་ལུགས་གསོ་རིག་ལའང་སྒུལ་ཤུགས་གསར་པ་བསྣན་ཡོད། དེ་གོང་མཁའ་འགྲོ་རྒྱལ་གྱིས་ནད་པའི་རྩ་ལ་བརྟག་པ་དང་གཅིན་ལ་བརྟག་པ་སོགས་སྲོལ་རྒྱུན་གྱི་བྱེད་ཐབས་ལ་བརྟེན་ནས་ནད་ངོ་འཛིན་གྱི་ཡོད། ད་ཆ་དེང་རབས་ཀྱི་སྨན་བཅོས་བྱེད་ཐབས་དང་ཟུང་འབྲེལ་དམ་ཟབ་བྱས་པ་བརྒྱུད་བོད་ལུགས་གསོ་རིག་གི་ནད་ངོ་འཛིན་ཚད་སྔར་བས་གནད་སྨིན་དུ་གྱུར་པ་མ་ཟད། སྨན་བཅོས་ཀྱི་ཕན་འབྲས་ཀྱང་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད།

    “བོད་ལུགས་གསོ་རིག་ལ་ལུས་ཟུངས་གསོ་བའི་ནུས་པ་ཆེན་པོ་ཡོད། དཔེར་ན་ལུམས་བརྒྱབ་ན་གྲང་བའི་ནད་ལ་ཕན་པ་མ་ཟད། ཧོར་མེ་ནི་རླུང་ཁུག་ནས་སེམས་ལྷོད་དུ་འབབ་པ་དང་གཉིད་ལ་ཕན་གྱི་ཡོད། འདི་དག་ལས་བོད་ལུགས་གསོ་རིག་ལ་དགའ་མོས་བྱེད་མཁན་མང་དུ་འགྲོ་བཞིན་འདུག”ཅེས་མཁའ་འགྲོ་རྒྱལ་གྱིས་བཤད།

    ད་ལོ་ལོ་35ལ་སླེབས་པའི་སྨན་པ་ཚེ་རིང་སྐྱིད་ནི་མཁའ་འགྲོ་རྒྱལ་གྱི་སློབ་མའི་གྲས་ཤིག་ཡིན་ཞིང་། ད་ཆ་ནད་ཐོག་སྨན་བཅོས་རང་རྐྱ་འཕེལ་ཡོད།

    ཚེ་རིང་སྐྱིད་ཀྱིས་ཀྲུང་ལུགས་གསོ་རིག་དང་མི་འདྲ་ས་ནི་བོད་ལུགས་གསོ་རིག་ནང་གཏེར་རྫས་ཀྱི་རིགས་མང་པོ་སྤྱོད་ཀྱི་ཡོད། སྨན་རྫས་ལས་སྣོན་བྱེད་རིང་སྨན་འདུལ་བའི་ལྷུ་ཚིགས་དེ་འགག་རྩ་ཡིན་པས་སྨན་གཉེར་དཀའ་བཅུ་པས་སྲོལ་རྒྱུན་གྱི་བཙོ་སྦྱང་དང་ལས་སྣོན་བྱས་ཚེ། གཞི་ནས་ཚད་ལྡན་གྱི་བོད་སྨན་བཟོ་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

    བོད་ལུགས་གསོ་རིག(ཀན་ལྷོའི་བོད་ལུགས་གསོ་རིག)གི་སྲུང་སྐྱོབ་ཚན་པའི་ངོས་ནས་ཀླུ་ཆུ་རྫོང་སྨན་རྩིས་ཁང་གིས་སྒྱུར་བཅོས་ཟམ་མི་ཆད་པར་བྱས་ཏེ་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཡོད། མིག་སྔར་སྨན་ཁང་དེའི་བོད་ལུགས་གསོ་རིག་གི་སྨན་བཅོས་ཁྱབ་ཁོངས་ནང་ཀན་ལྷོ་ཀྲོའུ་རྨ་ཆུ་རྫོང་དང་། བསང་ཆུ་རྫོང་། སི་ཁྲོན་ཞིང་ཆེན་མཛོ་དགེ་རྫོང་། མཚོ་སྔོན་ཞིང་ཆེན་སོག་རྫོང་སོགས་མཐའ་འཁོར་གྱི་ཞིང་འབྲོག་མང་ཚོགས་ཚུད་ཡོད་པ་དང་། ཞིབ་སྤེལ་དང་ལས་སྣོན་བྱས་པའི་སྨན་རྫས་རིགས་221ལྷག་ཙམ་ཟིན་པ། “བཙོ་བཀྲུ་ཟླ་ཤེལ” “གཡུ་སྙིང་ཉེར་ལྔ” “བྱུར་དམར་ཉེར་ལྔ”སོགས་ལ་ནད་པ་ཚོའི་ཡིད་ཆེས་ཆེན་པོ་ཐོབ་ཡོད།

    མིག་སྔར། ཀླུ་ཆུ་རྫོང་སྨན་རྩིས་ཁང་དུ་རིགས་ཁག་གི་བོད་ལུགས་གསོ་རིག་གི་ཆེད་ལས་ལག་རྩལ་པ་126ཡོད་པ་དང་། དུས་བཀག་ལྟར་གསོ་སྦྱོང་འཛིན་གྲྭ་གཉེར་གྱི་ཡོད་པ་མ་ཟད། ལན་ཀྲོའུ་དང་ཏུན་ཧོང་སོགས་སུའང་ཡན་ལག་སྨན་ཁང་བཙུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།