ཞག་སྡོད་ལམ་ལུགས་ཀྱི་སློབ་གསོས་ས་མཐོའི་སློབ་གསོ་དྲང་སྙོམས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་པ།
ཉིན་ཤས་གོང་། “ཞག་སྡོད་ལམ་ལུགས་ཀྱི་སློབ་གསོ་དང་ས་མཐོའི་འཕེལ་རྒྱས”ཞེས་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སི་ཁྲོན་ཁྲེང་ཏུའུ་རུ་འཚོགས་ཤིང་། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ས་མཐོའི་དམིགས་བསལ་ས་ཁམས་ཁོར་ཡུག་དང་མི་འབོར་ཁྱབ་ཚུལ་འོག་གི་སློབ་གསོའི་ཁྱབ་ནུས་རང་བཞིན་དང་དྲང་སྙོམས་རང་བཞིན་ལ་གཞིགས་ཏེ། “ཀྲུང་གོ་དང་། ཨ་རི། ཁ་ན་ཏ་བཅས་རྒྱལ་ཁབ་གསུམ་གྱི་ཞག་སྡོད་ལམ་ལུཌ་ཀྱི་སློབ་གསོའི་ཞིབ་བསྡུར”དང“ཞག་སྡོད་ལམ་ལུགས་ཀྱི་སློབ་གསོ་དང་ས་མཐོའི་འཕེལ་རྒྱས་ཀྱི་ཐབས་ལམ” “ས་མཐོའི་སློབ་གསོའི་མི་དམངས་རང་བཞིན་དང་ཁྱབ་གདལ་རང་བཞིན”བཅས་ཀྱི་གྲོས་གཞི་ཆེ་གྲས་གསུམ་ལ་དམིགས་པ་དང་། དེའི་དམིགས་ཡུལ་ནི་ཞག་སྡོད་ལམ་ལུགས་ཀྱི་སློབ་གསོའི་རིགས་པའི་གཞུང་ལུགས་ཀྱི་རིན་ཐང་དང་ལག་ལེན་གྱི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་སྒོ་ནས་བགྲོ་གླེང་བྱས་ཏེ། སློབ་གསོས་ས་མཐོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བའི་ཐབས་ལམ་དང་ཇུས་གཞི་འཚོལ་ཞིབ་བྱ་ཆེད་ཡིན་པ་རེད།
ད་ཐེངས་ཀྱི་ཚོགས་འདུ་དེ་གློག་རྡུལ་ཚན་རྩལ་སློབ་ཆེན་གྱིས་གཙོ་གཉེར་བྱས་ཤིང་། ཀྲུང་གོ་དང་། ཨ་རི། ཁ་ན་ཏ་སོགས་རྒྱལ་ཁབ་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་ཞུགས་མི་སྣས་མཚོ་བོད་ས་མཐོ་སོགས་ས་ཁུལ་གྱི་རང་བྱུང་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་མི་སྣའི་སྡོད་གནས་ཁ་ཐོར་ཡིན་པའི་དབང་གིས་སློབ་ཞུགས་བྱེད་དཀའ་བའི་གནད་དོན་ལ་དམིགས་ཏེ། ཀྲུང་གོ་སྲིད་གཞུང་གིས་སློབ་གྲྭ་ཁག་གཅིག་ལ་ཞག་སྡོད་ལམ་ལུགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད“ཟས་སྡོད་འགན་ལེན་དང་གཞི་རྩའི་སློབ་གསོའི་འགྲོ་གྲོན་འགན་ལེན”གྱི་དམངས་ཕན་སྲིད་ཇུས་ལག་ལེན་བསྟར་བས་སློབ་གསོའི་ཁྱབ་ནུས་རང་བཞིན་དང་སློབ་ཁྲིད་སྤུས་ཚད་མངོན་གསལ་དོད་པོར་གོང་མཐོར་ཕྱིན་པ་དང་། ས་མཐོ་དང་དེ་བཞིན་མི་རིགས་ས་ཁུལ་གྱི་སློབ་གསོ་དྲང་སྙོམས་ཡོང་བར་སྐུལ་འདེད་གཏོང་ཆེད་དཔེ་ལྟ་ས་ཡག་པོ་ཞིག་མཁོ་འདོན་བྱས་ཡོད་པ་དང་། ཞག་སྡོད་ལམ་ལུགས་ཀྱི་སློབ་གསོས་ས་མཐོའི་སློབ་གསོ་དྲང་སྙོམས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་རམ་འདེགས་ཐུབ་ཡོད་ཅེས་བརྗོད་པ་རེད།
ཀྲུང་གོ་བཟོ་ལས་མཉམ་ལས་ཁང་རྒྱལ་སྤྱིའི་ཨུ་ལྷན་གྱི་ཀྲུའུ་ཞི་ཁེ་མཱ་ཁའེ་ཡིས་སློབ་གསོའི་ལས་ཀ་བྱས་ནས་ལོ་ངོ་40ལྷག་འགྲོ་ཡི་ཡོད་ཅིང་། དེ་སྔ་བོད་དུ་བཅར་འདྲི་བརྟག་ཞིབ་ལ་ཐེངས་མང་འགྲོ་མྱོང་ཡོད་པ་དང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་མཐོང་ཐོས་ལས་ཁོང་ལ་བག་ཆགས་ཟབ་མོ་བྱུང་ཡོད། “སློབ་གྲྭའི་ཉལ་ཁང་གི་ཆ་རྐྱེན་ཡག་པོ་འདུག སློབ་མ་དང་ཁྱིམ་བདག་ནས་ཞག་སྡོད་བྱེད་མིན་ལ་རྦད་དེ་རང་མོས་གདམ་ག་བྱེད་ཆོག རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཚན་དང་བོད་སྐད་ཡིག་སློབ་ཚན་གཉིས་ཀར་མཉམ་དུ་སྐུལ་འདེད་གཏོང་གི་འདུག” ཁོང་གིས་ཀྲུང་གོ་རྒྱལ་ཁབ་ཀྱི་སློབ་གཉེར་མ་ལག་འོག་གི་ཞག་སྡོད་སློབ་གྲྭ་རྣམས་གཙོ་བོ་ཁྱིམ་ཚང་དཀྱུས་མར་ཕྱོགས་པ་དང་ལྷག་པར་དུ་ས་མཐོའི་ས་ཁུལ་གྱི་སློབ་མས་སྤུས་ཚད་མཐོ་བའི་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་སྲུང་སྐྱོང་བྱས་ཡོད། “ཞག་སྡོད་ལམ་ལུགས་ཀྱི་སློབ་གསོས་མི་རིགས་དབར་གྱི་སྤེལ་རེས་དང་རྒྱུས་ལོན་ལ་སྐུལ་འདེད་ཐེབས་ཡོད”ཅེས་བརྗོད་པ་རེད།
“བོད་ས་གནས་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འབྲོག་ཁུལ་གྱི་དོན་དངོས་དང་འཚམ་པའི་སློབ་གསོ་གཏོང་སྟངས་འཚོལ་ཞིབ་བྱེད་བཞིན་ཡོད་པའི་ནང་། རྟ་ཐོག་སློབ་ཆུང་དང་སྦྲ་གུར་སློབ་ཆུང་སོགས་ཚུད་ཡོད། དུས་རབས་20པའི་ལོ་རབས་80པར་རྒྱལ་ཁབ་ཀྱིས་ཞག་སྡོད་ལམ་ལུགས་ཀྱི་སློབ་གསོར་རྒྱབ་སྐྱོར་བྱས་པ་ནས་བཟུང་བོད་ཀྱི་སློབ་གསོའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད”ཅེས་ཡུན་རིང་ས་ཡུལ་དངོས་ཀྱི་བརྟག་དཔྱད་ཞིབ་འཇུག་ལ་གཞོལ་བའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་དང་སྤྱི་ཁྱབ་ཀན་ཧྲི་གཞོན་པ་བཀྲ་ལོས་མི་འབོར་ཁ་ཐོར་དུ་གནས་པའི་ས་ཁུལ་ལ་ཞག་སྡོད་ལམ་ལུགས་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་བའི་ལུགས་མཐུན་རང་བཞིན་དབྱེ་ཞིབ་བྱས་ཏེ། “ཞག་སྡོད་ལམ་ལུགས་ཀྱི་སློབ་གསོ་དེ་བོད་ཀྱི་རང་བྱུང་ཁྱད་ཆོས་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱད་ཆོས་དང་མཐུན་ཡོད་ལ་དེང་རབས་སློབ་གསོའི་ཆོས་ཉིད་དང་ཡང་མཐུན་ཡོད”ཅེས་བརྗོད་པ་རེད།
ཁ་ན་ཏའི་ཁར་ཅ་ལི་སློབ་ཆེན་སྤྱི་པའི་སྲིད་ཇུས་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཀུའོ་ཞའོ་མིང་གིས། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭར་སློབ་གསོའི་མ་ལག་ཁྲོད་ནུས་པ་མང་པོ་ལྡན་ཡོད། ལྷག་པར་དུ་ཐག་རིང་ས་ཁུལ་དུ་ཐོན་ཁུངས་བགོ་སྒྲིག་ལེགས་སུ་གཏོང་བ་དང་སློབ་གསོའི་དྲང་སྙོམས་དང་སྤུས་ཚད་མཐོ་རུ་གཏོང་བར་ཕན་ཐོགས་ཡོད་པའི་ངོས་འཛིན་གནང་བ་དང་། ཁོང་གིས་ཚན་རིག་དང་མཐུན་པའི་ཚོད་སྐོར་མ་ལག་བཙུགས་ཏེ་ཞག་སྡོད་སློབ་གསོའི་དུས་ཐུང་དང་ཡུན་རིང་གི་ཕན་འབྲས་ལ་བསམ་གཞིག་བྱས་ནས་ཐོན་ཁུངས་བཏང་བ་རྣམས་དེ་བས་རྒྱུན་མཐུད་ཡོང་བའི་འགན་ལེན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།