རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས།
《ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི་ཀྲུང་གོའི་བྱ་སྤྱོད》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི་ཀྲུང་གོའི་བྱ་སྤྱོད》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་པ་རེད།
རྒྱབ་ཤ་དཀར་པོའི་དེབ་དེར་གླེང་གཞི་དང་མཇུག་བསྡུའི་གཏམ་ཕུད་ཆ་ཤས་དྲུག་ལ་དབྱེ་ཡོད་ཅིང་། དེ་དག་ནི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཐཱན་ཉུང་གཏོང་གི་གཙོ་གནད་ཐབས་ལམ་ཕྱོགས་ཡོངས་ནས་དོན་འཁྱོལ་གནད་སྨིན་ཡོང་བར་བྱེད་པ། འདེགས་སྐྱོར་འགན་སྲུང་གི་མ་ལག་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་སྒུལ་ཤུགས་ཆེན་པོ་སྣོན་པ་བཅས་ཡིན་པ་རེད།
རྒྱབ་ཤ་དཀར་པོའི་དེབ་ནང་ནན་བཤད་བྱས་དོན། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་མངོན་འགྱུར་ཡོང་བར་བྱ་རྒྱུ་ནི་ཀྲུང་གོས་མིའི་རིགས་ཀྱི་ཤེས་དཔལ་ལ་འགན་འཁུར་བའི་མཐོ་ཚད་ཐོག་ལངས་པ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ནང་གནས་བླང་བྱར་གཞིགས་ཏེ་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི་གསལ་སྟོན་གལ་ཆེན་བཏོན་ནས་ལོ་ལྔ་སོང་རིང་། ཀྲུང་གོས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་པ་དང་ལག་ལེན་བསྟར་ནས་བྱ་སྤྱོད་ནུས་ལྡན་སྤེལ་བ་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་བཏོན་དོན། ནུས་རྒྱུའི་འགུལ་སྐྱོད་ནི་ཐཱན་འབུད་གཏོང་གི་འབྱུང་ཁུངས་གཙོ་བོ་ཡིན་པ་དང་། ནུས་རྒྱུ་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་ནི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་མངོན་འགྱུར་བྱེད་པའི་འགག་རྩ་རེད། ཀྲུང་གོས་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཕེལ་རྒྱས་དུས་མཚམས་ལ་གཞི་ཚུགས་ནས། ནུས་རྒྱུའི་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བསྐྱར་སྐྱེས་ནུས་རྒྱུའི་ཚབ་བྱེད་ལག་བསྟར་ཤུགས་ཆེན་བྱས་ནས་ནུས་རྒྱུའི་མ་ལག་གསར་པ་དང་གློག་ཤུགས་མ་ལག་གསར་པ་གཏོད་པར་སྐུལ་འདེད་བཏང་སྟེ“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་ནུས་རྒྱུ་གྲོན་ཆུང་ནི་འབྱུང་རྩ་ནས་ཐཱན་འབུད་ཉུང་གཏོང་གི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་ཞིང་། འཁོར་སྐྱོད་དཔལ་འབྱོར་གྱིས་ཐཱན་འབུད་ཉུང་གཏོང་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་པ་དང་། སྐྱེ་ཁམས་མ་ལག་གི་ཐཱན་འདུས་ནི་ཐཱན་འབུད་ཉུང་གཏོང་དང་ཐཱན་བརྟན་པོ་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། ཀྲུང་གོས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ཕན་འབྲས་ཆེ་རུ་གཏོང་བའི་བྱ་སྤྱོད་དང་། འཁོར་སྐྱོད་དཔལ་འབྱོར་གྱིས་ཐཱན་ཉུང་གཏོང་ལ་རམ་འདེགས་བྱེད་པའི་བྱ་སྤྱོད། ཐཱན་འདུས་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་བའི་བྱ་སྤྱོད་བཅས་ལག་བསྟར་གཏིང་ཟབ་བྱས་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད་ཅེས་འཁོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།