ཀྲུང་གོ“རྒྱང་ལྟ་རྣམ་པའི་རྒྱལ་ཁབ”ལ་འགྱུར་དོན་ཅི་ཡིན་ནམ།
——ཀྲུང་གོའི་གཏན་འཁེལ་རང་བཞིན་ལ་ཤེས་རྟོགས་ཡང་དག་བྱེད་པ།
ཟླ་10ཚེས་23ཉིན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་གྲོལ་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ལ་ཚད་མཐོའི་དོ་ཁུར་བྱས་པ་དེ་ཐོག་ནས་གོ་ལ་ཧྲིལ་པོའི་གྲོས་རིམ་ཁྲོད་ཀྱི་ཀྲུང་གོའི་ལོ་ལྔའི་འཆར་འགོད་ཀྱི་གནད་ལ་འཁེལ་ཚད་མཚོན་ཡོད། ཕྱོགས་ཁག་གིས་ཀྲུང་གོས་འཛམ་གླིང་གི་འཕར་སྣོན་བརྟན་པའི་རྨང་གཞི་དང་སྒུལ་ཤུགས་འབྱུང་ཁུངས་ཀྱི་ནུས་པ་མུ་མཐུད་འདོན་པར་ཡིད་ཆེས་ཆེན་པོ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་ལེགས་པའི་སྒོ་ནས་མཉམ་སྤྱོད་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
ལོ་ལྔའི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ་དང་མུ་མཐུད་ལག་བསྟར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་བྱ་ཐབས་གལ་ཆེན་ཞིག་རེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཤེས་རྟོགས་ཡང་དག་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་རེད། “ཀྲུང་གོ་ནི་ཕུགས་ལ་དམིགས་ཐུབ་མཁན་གྱི་རྒྱལ་ཁབ་ཅིག་རེད་ལ། རྒྱང་ལྟ་རྣམ་པའི་རྒྱལ་ཁབ་ཅིག་དངོས་གནས་རེད”ཅེས་དབྱི་ཐ་ལིའི་ཙུང་ལི་ཟུར་པ་མེང་ཏིས་མྱོང་ཚོར་ཟབ་མོས་བརྗོད་པ་དེ་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་ལོ་ལྔའི་འཆར་འགོད་ཡོད་ལ་ལོ་བརྒྱའི་དམིགས་ཚད་ཀྱང་ཡོད་པའི་རྒྱལ་སྐྱོང་བློ་རིག་ཡོད་པར་ཡོངས་ཁྱབ་ཏུ་ཡིད་སྨོན་བྱེད་ལུགས་མཚོན་གྱི་ཡོད།
ཀྲུང་གོས་མིའི་རིགས་ཀྱི་ལོ་རྒྱུས་བསྐྱར་འབྲི་བྱེད་པའི་འཕེལ་རྒྱས་ཀྱི་ངོ་མཚར་གཏོད་ཐུབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་ལོ་ལྔའི་འཆར་འགོད་མུ་མཐུད་བཟོས་ནས་ལག་བསྟར་གྱིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། རྒྱལ་ཡོངས་ཀྱི་བསམ་ཇུས་གཅིག་མཐའ་འཁྱོངས་དང་འཆར་གཞི་ཞིག་མཐར་ཕྱིན་པ་འགོད་རྒྱུ་མཐའ་འཁྱོངས་བྱས་པར་ཐུག་ཡོད། 1953ལོ་ནས་བཟུང་། ལོ་ལྔ་ཚན་དང་པོའི་འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པ་ནས་ད་ལོའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་ཉེར་ཡོད་པའི་བར། ཀྲུང་གོ་ནི་དབུལ་ཕོངས་ཉམས་ཞན་གྱི་ཞིང་ལས་རྒྱལ་ཁབ་ཅིག་ནས་འཛམ་གླིང་གི་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་དང་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པར་གྱུར་ཡོད། མཐོ་སར་འཛེགས་ནས་རྒྱང་ལྟ་བྱེད་པ་དང་ཏན་ཏན་ཏིག་ཏིག་ཡང་བྱེད་པ་དེ་ནི་ལོ་ལྔའི་འཆར་འགོད་གཅིག་རྗེས་གཉིས་མཐུད་ངང་ལག་ལེན་བསྟར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བས་རེད། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཀྲུང་གོའི་ལོ་ལྔའི་འཆར་འགོད་ལ་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ནས་འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་པའི་ཕྱོགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ། ཀྲུང་གོས་ཉེན་ཁ་དང་འགྲན་སློང་གལ་ཆེན་རབ་དང་རིམ་པར་ཁ་གཏད་ནུས་ལྡན་བཅག་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་གཏན་འཁེལ་མེད་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་གཅོག་པ་སྟེ། དཔལ་འབྱོར་འཕར་ཚད་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི་35ལྷག་ཟིན་པ་དང་། མི་རེའི་ཆ་སྙོམས་GDPལོ་གཉིས་བསྟུད་མར་ཨ་སྒོར་ཁྲི་1.3ལྷག་ཟིན་ནས་ཡོང་འབབ་འབྲིང་གྲས་ཡན་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་པ་དང་། ལོ་15བསྟུད་མར་གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་ཀྱི“གནས་བབ་ཨང་དང་པོར”བརྟན་པོར་གནས་པ། འཛམ་གླིང་དཔལ་འབྱོར་འཕར་སྣོན་ཡོང་བར་ལོ་རེར་ཆ་སྙོམས་ལེགས་སྐྱེས་འབུལ་ཚད་30%ལྷག་རྒྱུན་འཁྱོངས་ཐུབ་པ་ལ་སོགས། ཕྱི་ཕྱོགས་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོས་སྟོབས་ཤུགས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་པས་ཡིད་ཆེས་དེ་བས་ཆེ་རུ་དང་དད་སེམས་དེ་བས་བརྟན་དུ་ཕྱིན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》ཡི་ནང་། འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་པ་དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་བབ་བསྟུན་འཕྲལ་སྒྲུབ་དང་མུ་མཐུད་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་གཞན་ཞིག་རེད། 《གྲོས་འགོའི》ནང་འཕེལ་ཕྱོགས་ཆེན་པོར་མཐོང་རྒྱ་ཆེ་ཞིང་གཟིགས་རྒྱང་རིང་བ་ཞིག་ཡོད་ལ། གནད་དོན་ཕྱོགས་སྟོན་དུ་འཛིན་པའི་དངོས་ཐོག་བདེན་འཚོལ་ཡང་ཡོད་པ་དང་། འཕེལ་རྒྱས་ཁ་ཕྱོགས་སྐོར་འཆར་འགོད་གསལ་པོ་བྱས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་ཡིད་ཆེས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། “དེ་ནི་འབྱུར་འགྱུར་ལོ་ལྔའི་ནང་གོ་ལ་ཧྲིལ་པོའི་ཁྲོམ་ར་གཏོད་པའི་ཚོགས་འདུ་ཞིག་ཡིན་པ”དང“ལམ་ལུགས་དེ་རིགས་བཀོད་སྒྲིག་བྱས་པ་ལས་ཀྲུང་གོས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་ཡུན་རིང་གི་དམིགས་ཚད་མངོན་འགྱུར་ཐུབ་པ” “གོ་ལ་ཧྲིལ་པོར་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་བསྐྲུན་ནས་ཕན་ཡོད་ཀྱི་ཇུས་གཞི་དེ་བས་མང་བ་མཁོ་འདོན་ཐུབ་རེ་ཡོད་པ”ལ་སོགས་རེད།
འབྲེལ་ཡོད་གསར་འགྱུར།