སྣང་རྫོང་གིས་ཚད་གཞི་མཐོ་བའི་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ།
ད་ལྟའི་དུས་སུ་སྣང་རྫོང་སྣང་གྲོང་རྡལ་ཐོགས་མེད་གྲོང་ཚོ་སྤྲོ་བརྔས་ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུགས་ཀྱི་རྟེན་གཞིའི་གང་སར་ཤིང་ཏོག་གི་དྲི་ཞིམ་ལྷང་ལྷང་དུ་འཐུལ་ཞིང་། ཀུ་ཤུའི་སྡོང་རྐང་རེ་རེ་གྲལ་སྟར་འགྲིག་པ་དང་། སྡོང་པོའི་སྟེང་དུ་ཀུ་ཤུ་དམར་ཐིང་ཐིང་དུ་བཏགས་ནས་ཉི་འོད་འོག་བཀྲག་མདངས་ལྷག་པར་འཚེར།
ཉིན་ཤས་གོང་། སྤྲོ་བརྔས་ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུགས་ཀྱི་རྟེན་གཞིར་ཀུ་ཤུ་འཐུ་བའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཤིང་། ཉིན་ཤས་བསྟུད་མར་ལས་མི་བཅུ་གྲངས་ཁ་ཤས་ཀྱིས་ཀུ་ཤུའི་ལྡུམ་རར་བྱང་ཆུབ་པོས་ཀུ་ཤུ་འཐུ་བ་དང་། དབོར་བ། ཐུམ་རྒྱག་པ་བཅས་བྱས་ཏེ་ས་གནས་ས་ཐོག་ཏུ་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མངོན་བཞིན་ཡོད།
“ཉེ་ཆར། ང་ཚོས་ཀུ་ཤུ་འཐུ་བའི་ལས་དོན་སྤེལ་འགོ་བཙུགས་ཡོད། ཐོག་མར་ཀུ་ཤུ་འཐུ་མཁན་20ལྷག་ཙམ་ལས་མེད། ད་ཆ་ཤིང་ཏོག་ར་བར་ཉིན་ལྟར་ལས་ཀ་བྱེད་མཁན་60ཙམ་ཡོད་པ་དང་ཤིང་ཏོག་འཐུ་བའི་ལས་དོན་དེ་བྲེལ་འཚུབ་ཆེ་བའི་དུས་སུ་སླེབས་ཡོད། ད་ལོ་ཤིང་ཏོག་ར་བར་ཐོན་འབབ་ཡག་པོ་ཡོད་ཅིང་། མིག་སྔར་ཉིན་ལྟར་ཤིང་འབྲས་ཏུན་10ནས་15བར་འཐུ་ཡི་ཡོད”ཅེས་སྣང་རྫོང་སྣང་གྲོང་རྡལ་ཐོགས་མེད་གྲོང་ཚོ་སྤྲོ་བརྔས་ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུགས་རྟེན་གཞིའི་འགན་འཁུར་བ་ལིའུ་ཡིའུ་ཆི་ཡིས་བཤད། སྤྲོ་བརྔས་ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུགས་རྟེན་གཞི་དེ་2023ལོའི་ཟླ་6པར་བསྐྲུན་པ་དང་ལོ་གཉིས་ལྷག་ཙམ་གཉེར་སྐྱོང་ཞིབ་ཚགས་བྱས་པ་བརྒྱུད་ད་ལོ་མུའུ་རེའི་ཐོན་འབབ་ཀུ་ཤུ་རྒྱ་མ་3000ཡན་ཟིན་གྱི་ཡོད།
ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུགས་ཀྱི་རྟེན་གཞི་བསྐྲུན་པ་དང་བསྟུན་ནས་ས་གནས་དེ་གའི་མང་ཚོགས་དེ་བས་མང་བ་ཀུ་ཤུ་འདེབས་འཛུགས་ཀྱི་ལས་ལ་ཞུགས་པས་ཁྱིམ་གྱི་སྒོ་རྩར་འབབ་འཕར་བྱུང་ཡོད། ཀུ་ཤུ་འཐུ་བཞིན་པའི་ཐོགས་མེད་གྲོང་ཚོའི་ཡུལ་མི་གཡུ་སྒྲོན་གྱིས“སྔོན་ཆད་མི་ཚང་མ་རྫོང་གྲོང་དུ་གླ་པ་བྱེད་པར་སྐྱོད་ཀྱི་ཡོད། ད་ཆ་ཁྱིམ་གྱི་ཉེ་འགྲམ་དུ་ལས་ཞུགས་ཐུབ་པས་དངོས་གནས་སྟབས་བདེ་པོ་འདུག”ཅེས་བློ་ཡིད་ཚིམ་པོས་བཤད།
སྣང་རྫོང་གི་ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུགས་ཀྱི་རྟེན་གཞིར་ཐོན་འབབ་ཡག་པོ་བྱུང་བ་དེས་ཡུལ་མི་ཚོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་མ་ཟད། སྣང་རྫོང་གི་ཐོན་ལས་རིམ་སྤོར་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུའང་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། སྣང་རྫོང་གིས“དུང་ཕྱུར་རིམ་པའི་ཐོན་ལས”ཀྱི་དམིགས་ཚད་ལ་དམིགས་ནས“སྲིད་གཞུང་དང་ཁེ་ལས་མཉམ་ལས་དང་ཞིང་དུད་ཞུགས་པའི”གསར་གཏོད་ཀྱི་བྱེད་ཐབས་བརྒྱུད། ཐང་རྒོད་ཀྱི་ཐོན་ཁུངས་སྤྱད་དེ་ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུགས་ཀྱི་རྟེན་གཞི་བསྐྲུན་ནས་ཀུ་ཤུའི་ཐོན་ལས་དེ་ཉིད་མང་ཚོགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ་དང་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བའི“སྒུལ་ཤུགས”སུ་འགྱུར་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།