ས་མཐོའི་ཐོན་ཁུངས་གང་ལེགས་སྤྱད། ཁྱད་ལྡན་ལེགས་ཆ་མཉམ་དུ་བཏོད།

འདི་ནི་ལས་མིས་ཀུ་ཤུའི་སྡོང་པོར་ཡལ་གཅོད་བྱེད་བཞིན་པ།

འདི་ནི་ལས་མིས་ཀུ་ཤུའི་ལྡུམ་རར་རྩྭ་ངན་བཀོག་བཞིན་པ།

འདི་ནི་ལས་མིས་ཀུ་ཤུར་གཡོག་བྱེད་བྱེད་བཞིན་པ།
བོད་ལྗོངས་ཧྲང་ཁྲེང་བདེ་ཐང་ཐོན་ལས་མ་རྐང་ཚད་ཡོད་ཀུང་སིའི(གཤམ་དུ་ཧྲང་ཁྲེང་ཐོན་ལས་ཞེས་བསྡུ་རྒྱུ)ཤིང་ཏོག་ཐུམ་སྒྲིལ་འཁོར་ཁང་དུ་སྐྱོད་སྐབས་བཟོ་པ་ཚོས་ཀུ་ཤུ་སོས་པར་ཐུམ་བརྒྱབ་ནས་ཟོག་འདྲེན་རླངས་འཁོར་ནང་བླུག་བཞིན་འདུག
“ང་ཚོའི་ཁེ་ལས་ནི་2021ལོར་ཚོང་འགུགས་མ་འདྲེན་བརྒྱུད་ཉིང་ཁྲིར་བཙུགས་པ་ཞིག་ཡིན། གཙོ་བོ་ས་མཐོའི་ཤིང་ཏོག་དང་ཤ་མོའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་གཉེར་སྐྱོང་བྱེད་ཀྱི་ཡོད། མིག་སྔར། ཁྱོན་མ་དངུལ་སྒོར་དུང་ཕྱུར་3.3བཏང་ནས་དེང་རབས་ཅན་གྱི་ཤིང་ཏོག་ལྡུམ་ར་མུའུ་6000དང་གདོད་མའི་ནགས་ཚལ་གྱི་ནགས་ཁྲོད་ཤ་མོའི་རྟེན་གཞི་མུའུ་2000བསྐྲུན་པ་དང་སྨི་ངོས་གྲུ་ཁྲི་3ཟིན་པའི་ལས་སྣོན་ཐོན་ལས་གླིང་ཁུལ་ཡོད”ཅེས་ཧྲང་ཁྲེང་ཐོན་ལས་ཀྱི་ཏུང་ཧྲི་ཀྲང་ལིན་ཁྲོན་ཆིང་གིས་བཤད།
ཀུང་སི་ཉིང་ཁྲིར་འཛུགས་པའི་ཐོག་མའི་བསམ་པའི་སྐུལ་སློང་སྐོར་གླེང་སྐབས། ལིན་ཁྲོན་ཆིང་གིས་ཉིང་ཁྲིར་ས་བབ་མཐོ་ཚད་སྨི་3100ཟིན་པ་དང་། ཉིན་མཚན་གྱི་དྲོད་ཚད་ཁྱད་པར་ཆེ་ཞིང་ཉི་འོད་འཕྲོ་ཡུན་རིང་ལ་ས་མཐོའི་དམིགས་བསལ་ཁྱད་ཆོས་ཀྱི་ལེགས་ཆ་ལྡན་ཁར། གཏེར་རྒྱུ་འདུས་པའི་གངས་ཆུའང་ཡོད་པས། ཉིང་ཁྲི་དེ་ཉིད་བོད་ཀྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཀྱི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བཤད།
ས་གནས་དེ་གའི་འདེབས་འཛུགས་ལག་རྩལ་རྗེས་ལུས་དང་ཤིང་ཏོག་གི་སྣ་ཁ་མང་པོ་མེད་པ་སོགས་ཀྱི་ཞན་ཆར་དམིགས་ནས། འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག་ཧྲང་ཁྲེང་ཐོན་ལས་ཀྱིས་སྦེ་པ་གྲོང་རྡལ་དུ་སོན་འདེབས་སོན་གསོ་དང་། སྒྲིག་བཀོད་ཤིང་འབྲས་ལྡུམ་ར། སྔོན་ཐོན་དོ་དམ་ལག་རྩལ་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཀུ་ཤུའི་ཚོད་ལྟའི་དཔེ་སྟོན་གླིང་སྔོན་ལ་བསྐྲུན་པ་མ་ཟད། དེང་རབས་ཅན་གྱི་སྒྲིག་བཀོད་སྒྲིག་ཆས་དང་ཚན་རིག་དང་མཐུན་པའི་དོ་དམ་བྱེད་ཐབས་སྤྱད་པ་བརྒྱུད། ཐོན་སྐྱེད་ཀྱི་མ་གནས་དམའ་རུ་ཕྱིན་པའི་ཁར་ཀུ་ཤུའི་ཐོན་ཚད་དང་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
ལིན་ཁྲོན་ཆིང་གིས“ན་ནིང་བོད་ཀྱི་ཤིང་འབྲས་ཕྱིར་གཏོང་ཐེངས་དང་པོ་བྱས་པའི་ནང་ང་ཚོའི་ཀུ་ཤུ་ཡོད། ན་ནིང་ཀུ་ཤུ་ཏུན་580ཕྱིར་གཏོང་བྱས་པར་ཡོང་འབབ་སྒོར་ཁྲི་396བྱུང་། ད་ལོ་ང་ཚོས་མ་ལེ་ཞི་ཡ་དང་སིང་ཀ་ཕོར་གྱི་ཁྲོམ་རར་ཀུ་ཤུ་ཕྱིར་གཏོང་བྱེད་ཚད་མང་དུ་བཏང་བ་དང་ཟླ་བ་དང་པོ་ནས་དྲུག་པའི་བར་ཀུ་ཤུ་ཏུན་160ཕྱིར་གཏོང་བྱས་པར་ཡོང་འབབ་སྒོར་ཁྲི་150བྱུང་། ད་ལོ་ཀུ་ཤུ་ཏུན་1200ཕྱིར་གཏོང་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།
ལིན་ཁྲོན་ཆིང་གིས“ང་ཚོས་ཀུང་སི་དང་། གྲོང་ཚོའི་མཉམ་སྡེབ། ཞིང་དུད་བཅས་ཀྱི་མཉམ་ལས་བྱེད་ཐབས་ལ་བརྟེན་ནས་ཞིང་འབྲོག་པར་སྤུས་ལེགས་དང་རིན་གོང་ཁེ་བའི་ཤ་མོའི་སོན་རག་ཐུབ་པ་བྱས་པ་མ་ཟད། ད་དུང་ཞིང་འབྲོག་པའི་ས་ནས་ནགས་ཁྲོད་ཐོན་རྫས་ཉོས་ཏེ་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་དང་ནགས་ཁྲོད་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། གཞན་ཡང་ང་ཚོས་ད་དུང་ཆེས་བྲིན་ཚོགས་པ་དང་མཉམ་ལས་བྱས་ཏེ་ཀོ་ཤའི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བའི་ཐོན་རྫས་གསར་སྤེལ་བྱས་ཡོད”ཅེས་བཤད།
ཧྲང་ཁྲེང་ཐོན་ལས་ཀྱིས་ཞིང་འབྲོག་པའི་ཡོང་འབབ་འཕར་བར་རོཌ་རམ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་གཞོལ་བཞིན་ཡོད་ལ། “ལག་རྩལ་གྱི་རིགས་གཅིག་མཁས་ཅན་དང་ས་གནས་དེ་གའི་ལས་མིའི”བརྒྱུད་རོགས་ཁྲིད་གསུམ་གྱི་ལམ་སྲོལ་བཙུཌ་ནས། 2024ལོར་རིམ་རྩིས་བརྒྱབ་ན་ཞིང་འབྲོག་པ་མི་ཐེངས་1000ལྷག་ཙམ་གསོ་སྦྱོང་བྱས་པ་དང་། མི་140ལྷག་ཙམ་ཧྲང་ཁྲེང་ཐོན་ལས་ཀྱི་ལས་མི་ངོ་མ་དང་ལག་རྩལ་གྱི་རྐང་འཛིན་པར་གྱུར་ཡོད། དེ་དང་ཆབས་ཅིག ཐོན་ལས་གླིང་གིས་ས་གནས་དེ་གའི་གྲོང་མིའི་ས་ཞིང་བོགས་མར་བླངས་པ་དང་གྲོང་མི་དང་འཕྲུལ་ཆས་བོགས་གཏོང་གན་རྒྱ་བཞག་ཡོད། ཤིང་འབྲས་བསྡུ་བའི་དུས་ཚིགས་ཤར་རིམ་བཞིན་ཧྲང་ཁྲེང་ཐོན་ལས་ཚོགས་པས་ཐོན་ལས་གླིང་གི་རྟེན་གཞིའི་ཉེ་འགྲམ་གྱི་གྲོང་མི་གླས་ནས་ཁོང་ཚོའི་ཡོང་འབབ་འཕར་བར་རོགས་རམ་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།