དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་པའི་ལོ་བརྒྱའི་མངོན་མིན་རིག་གནས་ཤུལ་བཞག

    མཚོ་སྔོན་སྐུ་འབུམ་གྱི་དངུལ་ཆས་ཟངས་ཆས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-10

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། སྟོན་གཞུང་གི་ནམ་དུས་སུ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་ལུའུ་ཧྲར་གྲོང་རྡལ་དབྱང་ཕོ་གྲོང་ཚོའི་ལམ་ངོགས་ཀྱི་གྲོ་ཞིང་བསྡུས་ཟིན་པ་དང་། གྲོང་སྡེའི་གཞོགས་གཅིག་ནས“ཏིང་ཏིང”ཞེས་པའི་སྒྲ་གྲགས་ཡོང་བ་དེ་ནི་ལུའུ་ཧྲར་མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན་རྟེན་གཞིའི་དངུལ་ཟངས་བཟོ་ཁང་བཅུ་ཕྲག་ནང་དུ་བཟོ་བོ་ཚོས་ལག་ཆ་བཟུང་ནས་བློ་རྩེ་གཅིག་སྒྲིལ་གྱིས་ལས་ཀ་བྱེད་པའི་སྒྲ་ཡིན་པ་དང་། གློག་འོད་འོག་ཏུ་དངུལ་གྱི་རྡུལ་ཕྱེ་ལས་འོད་མདངས་འཚེར་བཞིན་མཆིས།

    ལོ་49ལ་སླེབས་པའི་ཝང་ཧྥུ་པང་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་རྣམ་གྲངས་ཀྱི་དངུལ་ཆས་ཟངས་ཆས་རྡུང་བཟོ་དང་གསེར་ཚགས་ལག་རྩལ་ཐད་ཀྱི་ཆུས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་ཞིང་ཆེན་རིམ་པའི་རིམ་པ་དང་པོའི་བཟོ་རྩལ་པ་ཞིག་རེད།

    “མཚོ་སྔོན་གྱི་དངུལ་ཆས་ཟངས་ཆས་ནི་སྐུ་འབུམ་ལ་ལྟ་དགོས་པ་དང་། སྐུ་འབུམ་གྱི་དངུལ་ཆས་ཟངས་ཆས་ནི་དབྱང་ཕོ་ལ་ལྟ་དགོས” ཤེས་རྟོགས་བྱུང་བར་གཞིགས་ན།“དངུལ་ཆས་ཟངས་ཆས་རྡུང་བཟོ་དང་གསེར་ཚགས་ལག་རྩལ”ལ་ཡུལ་ལུང་དེ་གར་ལོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅིང་། 2011ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གསུམ་པའི་མིང་གཞུང་དུ་བཅུག་ཡོད། དེའི་ལས་རིམ་རྙོག་འཛིང་ཆེ་བ་དང་དེའི་ནང་དངུལ་བཙོ་སྦྱངས་དང་བརྐོས་དཀྲོལ་སོགས་བཟོ་རྩལ་གལ་ཆེན་བཅུ་ལྷག་ཚུད་ཡོད། འོན་ཀྱང་ལོ་བརྒྱའི་ལོ་རྒྱུས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་དེའི་ཁེར་རྐྱང་གི་ལས་གཉེར་བྱེད་སྟངས་ལ་དཀའ་ངལ་འཕྲད་པ་དང་། བཟོ་བོ་ཚོའི་ཡོང་འབབ་བརྟན་པོ་མེད་པའི་ཁར་གཞོན་རབས་པ་དག་ཡུལ་གཞན་དུ་གླ་པར་བསྐྱོད་པར་བརྟེན། ལག་རྩལ་རྒྱུན་འཛིན་པ་མེད་པའི་དཀའ་ཉེན་འཕྲད་ཡོད།

    གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་བཏང་བ་ལས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པར་མཐུན་རྐྱེན་བསྐྲུན་ཞིང་། 2021ལོར་ཤར་རྒྱུད་ནུབ་རྒྱུད་མཉམ་ལས་ཀྱི་གོ་སྐབས་དང་བསྟུན་ནས་ནན་ཅིང་ཆི་ཞ་ཆུས་ཀྱིས་སྐུ་འབུམ་ཆུས་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཤིང་། མ་དངུལ་བཏང་ནས་ལུའུ་ཧྲར་མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན་རྟེན་གཞི་བསྐྲུན་པ་རེད། རྟེན་གཞི་དེས“མ་རྐང་མཉམ་ལས་ཁང+རྟེན་གཞི+ཞིང་དུད”ཀྱི་རྣམ་པ་སྤྱད་ནས་མུའུ་97ཟིན་པའི་ཐོན་ལས་གླིང་བསྐྲུན་པ་དང་། དབྱང་ཕོ་གྲོང་ཚོ་དང་ཉེ་འཁོར་གྱི་མཉམ་ལས་ཁང་དང་ཁེར་རྐྱང་དུད་ཚང་30ལྷག་ཙམ་ཞུགས་པའི་ཡིད་དབང་བཀུག་ཡོད། གྲོང་ཚོ་དེ་ཡོངས་ཀྱི་གྲོང་མི་400ལྷག་ཙམ་གྱི་ནང་ནས་གྲོང་མི་40%ཙམ་གྱིས་ལག་རྩལ་དེར་བརྟེན་ནས་ཡོང་འབབ་འཕར་ཏེ་ཕྱུག་པོ་ཆགས་པ་མ་ཟད། ཡུལ་ཕྱོགས་གཞན་གྱི་བཟོ་པ་མི་ཉུང་བ་ཞིག་ཀྱང་ལག་རྩལ་སྦྱོང་བར་ཡོང་གི་ཡོད།

    “ཐོན་ལས་འཕེལ་རྒྱས་ཕྱིན་པ་དེས་ལག་རྩལ་གསར་གཏོད་བྱེད་དགོས་པར་གྱུར་པ་མ་ཟད། རྒྱུན་འཛིན་བྱེད་སྟངས་ལའང་ག་ལེར་འགྱུར་ལྡོག་གཏོང་བཞིན་ཡོད”ཅེས་དངུལ་ཟངས་རྡུང་བཟོ་དང་གསེར་ཚགས་ལག་རྩལ་གྱི་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཧོ་མན་གྱིས་གསར་འགོད་པར་བརྗོད་ཅིང་། ཁོང་གིས། རང་སའི་དངུལ་ཆས་ཟངས་ཆས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་ཆེད། ང་དང་རྒྱུན་འཛིན་པ་གཞན་དག་ཞིང་ཆེན་ཕྱི་ནང་གི་འགྲེམས་ཚོགས་སྣ་ཚོགས་སུ་ཧུར་ཐག་ཞུགས་པ་ཡིན།“རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་བསྐྱོད་ནས་ལག་སྒམ་ཆེ་ཆུང་དྲུག་བདུན་ཙམ་བེད་སྤྱོད་བཏང་ནས་འཕྲོ་བརླག་ཕྱིན་སོང”ཞེས་བཤད།

    ནན་ཅིང་དང་ཟི་ལིང་ཡུལ་ཕྱོགས་གཉིས་ཀྱི་སྲིད་གཞུང་གིས་ཀྱང་སྲོལ་རྒྱུན་བཟོ་རྩལ་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཐོན་ལས་ཚད་ལྡན་ཅན་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། “སྒྱུ་རྩལ་རྨ་ཆུ་ཙོང་ཆུ”ཞེས་པའི་སྤྱི་པའི་སྤུས་རྟགས་ཐོ་འགོད་སོགས་ལ་བརྟེན་ནས་སྐུ་འབུམ་གྱི་དངུལ་ཆས་ཟངས་ཆས་ལ་རྒྱལ་ཡོངས་སུ་ཚོང་འབྲེལ་བཙུགས་པ་རེད། 2021ལོར་རྟེན་གཞིའི་དངུལ་ཆས་ཟངས་ཆས་རྡུང་བཟོའི་ཐོན་ལས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་གཅིག་ལས་བརྒལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།